ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་སྐྲུན་བྱེད་པའི་ཐད་ནས་ཐུན་མོང་གི་སློབ་སྦྱོང་ཐེངས་གསུམ་པ་སྤེལ།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2018-02-02

 ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཟླ་དང་པོའི་ཚེས་སུམ་ཅུའི་ཉིན་གྱི་ཕྱི་དྲོར་དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་སྐྲུན་བྱེད་པའི་ཐད་ནས་ཐུན་མོང་གི་སློབ་སྦྱོང་ཐེངས་གསུམ་པ་སྤེལ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་སྦྱོང་ལ་འགོ་འཛིན་མཛད་སྐབས་ནན་གྱིས་བསྟན་དོན། དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་སྐྲུན་བྱེད་པ་ནི་ལས་དོན་གལ་ཆེན་ཞིག་ཡིན་པར་མ་ཟད། གཞུང་ལུགས་གལ་ཆེན་ཞིག་ཡིན་པ་དང་། དེ་ལས་ཀྱང་ལག་ལེན་གྱི་བརྗོད་བྱ་ཆེན་པོ་ཞིག་ཀྱང་ཡིན་པས། རིག་གཞུང་དང་ལག་ལེན་ཐད་ནས་འཚོལ་ཞིབ་ཟབ་མོ་བྱེད་དགོས། དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་སྐྲུན་བྱེད་པ་ནི་རང་རྒྱལ་འཕེལ་རྒྱས་ཀྱི་འཐབ་ཇུས་དམིགས་འབེན་ཞིག་ཡིན་ལ། དཔལ་འབྱོར་འཕེལ་རྒྱས་ཀྱི་རྣམ་པ་སྒྱུར་བ་དང་། དཔལ་འབྱོར་གྱི་གྲུབ་ཚུལ་ལེགས་སྒྲིག་བྱེད་པ། དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཇེ་ཆེར་གཏོང་བ་བཅས་ཀྱི་དགོས་ངེས་ཀྱི་རེ་བའང་ཡིན་པས། ཏང་ཡོངས་ཀྱིས་ངེས་པར་དུ་དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་སྐྲུན་བྱེད་པའི་གལ་ཆེན་རང་བཞིན་དང་དཀའ་ཚེགས་ཆེ་བའི་རང་བཞིན་ལ་ངོས་འཛིན་གང་ལེགས་བྱས་ཏེ། ཚན་རིག་དང་མཐུན་པའི་སྒོ་ནས་དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་སྐྲུན་བྱེད་པའི་དམིགས་འབེན་དང་གནད་ས་ཁོང་དུ་ཆུད་པར་བྱས་ནས། རང་རྒྱལ་གྱི་དཔལ་འབྱོར་ལ་འཕེལ་རྒྱས་གསར་བ་འབྱུང་བར་སྐུལ་འདེད་གཏོང་དགོས་ཟེར།

ཐེངས་འདིའི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཐུན་མོང་གི་སློབ་སྦྱོང་སྟེང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་བློ་མཐུན་གྱིས་རང་སྦྱོང་བྱེད་པ་དང་མཉམ་དུ་མྱོང་ཚོར་བརྗེ་རེས་བྱས། ལིག་ཧི་དང་སུང་ཁྲུན་ལན། ལིས་ཞི། ལིས་ཆང་། ལིས་ཧུང་ཀྲུང་། ཁྲིན་ཆོན་གོ ཁྲིན་མེན་ཨར། ཧུའུ་ཁྲུན་ཧྭ། ཚེ་ཆི་བཅས་ཀྱིས་གནད་དོན་དེའི་ཐད་ནས་གཏན་བཤད་གཙོ་བོ་སྤེལ། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་བློ་མཐུན་རྣམ་པས་ཁོ་ཚོའི་གཏམ་བཤད་ལ་ཞིབ་ཏུ་ཉན་པར་མ་ཟད། འབྲེལ་ཡོད་གནད་དོན་ཐད་ལ་གྲོས་བསྡུར་བྱས།

ཞི་ཅིན་ཕིང་གིས་སློབ་སྦྱོང་ལ་འགོ་འཛིན་མཛད་སྐབས་གསུང་བཤད་སྤེལ། ཁོང་གིས་གསུངས་རྒྱུར། དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་སྐྲུན་བྱེད་པ་དེ་ནི་ཏང་ཀྲུང་དབྱང་གིས་ཏང་དང་རྒྱལ་ཁབ་ལས་དོན་གྱི་ཁྱོན་ཡོངས་གཞིར་བཟུང་སྟེ། བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་བར་སླེབས་པའི་རེ་བ་གསར་བར་དམིགས་ནས་གཏན་ལ་ཕབ་པའི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ཡིན། རྒྱལ་ཁབ་སྟོབས་ལྡན་དུ་གཏོང་དགོས་ན། དཔལ་འབྱོར་མ་ལག་ངེས་པར་དུ་སྟོབས་ལྡན་དུ་གཏོང་དགོས། དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་ཆགས་པར་བྱེད་ན། ད་གཟོད་དེང་རབས་ཅན་འཕེལ་རྒྱས་ཀྱི་རླབས་རྒྱུན་དང་སྔར་ལས་མཐུན་པར་བྱེད་པ་དང་རྒྱལ་སྤྱིའི་འགྲན་རྩོད་ཀྱི་རང་དབང་བརྩོན་ལེན་བྱེད་ཐུབ་པར་མ་ཟད། ཁྱབ་ཁོངས་གཞན་པའི་དེང་རབས་ཅན་ལ་ནུས་ལྡན་གྱི་རྒྱབ་བརྟེན་འདོན་སྤྲོད་བྱེད་ཐུབ། ང་ཚོས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རེ་བ་ལྟར། དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་མྱུར་དུ་འཛུགས་སྐྲུན་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་དམིགས་འབེན་དུས་ལྟར་མངོན་འགྱུར་བྱེད་པར་ཁག་ཐེག་བྱེད་དགོས་ཟེར།

ཞི་ཅིན་ཕིང་གིས་ནན་གྱིས་གསུངས་རྒྱུར། དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་སྐྲུན་བྱེད་དགོས་ན། གཟབ་ནན་དང་གོ་ཆོད་པའི་སྲིད་ཇུས་བྱེད་ཐབས་ལག་བསྟར་བྱེད་དགོས་ལ། གཤམ་གྱི་ཕྱོགས་འགའི་བྱ་བ་གཙོ་བོར་བཟུང་སྟེ་དམ་འཛིན་བྱེད་དགོས། གཅིག་ནི་སྟོབས་ཤུགས་ཡོད་རྒུ་བཏོན་ནས་དངོས་གཟུགས་དཔལ་འབྱོར་འཕེལ་རྒྱས་སུ་བཏང་སྟེ། དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་གི་རྨང་གཞི་བརྟན་པོ་འདིང་དགོས་པ་དང་། གཉིས་ནི་གསར་གཏོད་ཡར་སྐུལ་འཕེལ་རྒྱས་འཐབ་ཇུས་མྱུར་དུ་ལག་བསྟར་བྱས་ནས། དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་སྐྲུན་བྱེད་པར་འཐབ་ཇུས་ཀྱི་རྒྱབ་བརྟེན་ཆེན་པོ་འདོན་སྤྲོད་བྱེད་དགོས། གསུམ་ནི་ཧུར་ཐག་སྒོས་མཁར་གྲོང་ས་ཁོངས་མཐུན་སྦྱོར་སྒོས་འཕེལ་རྒྱས་སུ་གཏོང་དགོས། བཞི་ནི་སྟོབས་ཤུགས་ཡོད་རྒུས་སྒོ་འབྱེད་ཅན་གྱི་དཔལ་འབྱོར་འཕེལ་རྒྱས་སུ་བཏང་སྟེ། དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་གི་རྒྱལ་སྤྱིའི་འགྲན་རྩོད་ནུས་པ་ཇེ་ཆེར་གཏོང་དགོས། ལྔ་ནི་དཔལ་འབྱོར་སྒྲིག་གཞི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་ཏེ། དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་གི་ལམ་ལུགས་འགན་སྲུང་འཐུས་ཚང་དུ་གཏོང་དགོས་པ་བཅས་ཡིན་ཟེར།


  • ལེ་ཚན་སྔོན་མ།:ཨ་མེ་རི་ཁ་དང་ཧཱ་སག་སི་ཐན་རྒྱལ་ཁབ་གཉིས་ཀྱི་ཙུང་ཐུང་གིས་ཝ་ཧྲིན་ཐོན་ནས་གྲོས་མོལ་བྱས།
  • ལེ་ཚན་རྗེས་མ།:རང་ཁུལ་གྱི་ཞིང་ཆེན་དམངས་ཆེན་གྱི་འཐུས་མིས་འཕེལ་རྒྱས་དང་དམངས་འཚོའི་སྐོར་ཐབས་འདོན་ཇུས་འདོན་བྱས།
  • དོ་སྣང་ཆེ་བའི་རྩོམ།