མ་ཡུམ་ལགས།

བྱང་སེམས་ལྷ་མོ།        2018-02-01

ཁྱེད་ནི་རོ་ལྡན་ཟས་ཞིམ་སྟེར་པའི་སྦྱིན་བདག་མ། །

ཁྱེད་ནི་གོས་འཇམ་གང་ཡག་བསྐོན་བའི་སྙོར་མཁས་ཅན། །

ཁྱེད་ནི་རང་ཡུལ་སྨག་མུན་གསལ་བའི་ཉིན་མོ་བྱེད། །

ཁྱེད་ནི་སྣབས་སོགས་ཁ་ཡིས་འཇིབ་བའི་སྐྱོང་མཁས་མ། །

ཁྱེད་ནི་འཇིགས་མེད་སྤོབས་བའི་གོ་ཆ་བརྟན་པའི་མ། །

ཁྱེད་ནི་སྐྱིད་སྡུག་གཉེར་མ་བརྩེགས་པའི་དྲིན་ལྡན་མ། །

ཁྱེད་ནི་འཛུམ་པའི་སྤྱན་གྱིས་གཟིགས་པའི་བརྩེ་ལྡན་ཅན། །

ཁྱེད་ནི་སྙིང་གི་གཅེས་ཕྲུག་སློབ་གྲྭར་བསྐྱལ་བའི་མ། །

ཁྱེད་ནི་ཡ་རབས་ལམ་ལ་བཅུན་པའི་བྱམས་ལྡན་མ། །

ཁྱེད་ནི་ཐུགས་རྗེའི་གྲིབ་བསིལ་སྣུམ་པོས་སྐྱོར་པའི་མ། །

ཁྱེད་ནི་ཐབས་ཤེས་ཉི་ཟླའི་རྣ་ཆ་གཡོ་བའི་མ། །

ཁྱེད་ནི་མ་རབས་སྤྱོད་པའི་ཚ་གདུང་སེལ་བའི་མ། །

ཁྱེད་ནི་ཉེ་རིང་ཕྱོགས་ལྷུང་མེད་པའི་རྒྱུད་དྲང་མ། །

ཁྱེད་ནི་འགྲོ་བ་ཀུན་ལ་མཐུན་པའི་གཤིས་བཟང་མ། །

ཁྱེད་ནི་མ་ནོར་ལམ་བཟང་ཁྲིད་པའི་ཕྱོགས་སྟོན་མ། །

ཁྱེད་ནི་དགོས་འདོད་ཆར་ཆུ་འཇོ་བའི་དཔག་བསམ་ཤིང་། །

ཁྱེད་ནི་ནམ་མཁའི་ལྷ་མོ་དང་འདྲ་བཞིན་བཟང་མ། །

ཁྱེད་ཀྱི་ཡིད་སེམས་དཀར་ཞིང་འཇམ་པའི་བལ་གཡང་མ། །

ཡོན་ཏན་བརྒྱད་ཀྱིས་ཡོངས་སུ་ཕྱུག་པའི་མཛངས་མོ་མ། །

ནམ་ཡང་བུ་མོའི་སེམས་སུ་ཁེངས་པའི་དྲིན་ཅན་མ། །

  • ལེ་ཚན་སྔོན་མ།:ཁྱོད་ཀྱི་བརྩེ་བས་དར་མདོ་ལུང་པ་ཁྲུས་རོགས།
  • ལེ་ཚན་རྗེས་མ།:དུས་ཀྱི་ཚིགས་མལ།