ཁྱོད་ཀྱི་བརྩེ་བས་དར་མདོ་ལུང་པ་ཁྲུས་རོགས།

བཀྲ་ཤིས་བདེ་སྐྱིད།        2018-02-01

ཁྱོད་ཀྱི་བརྩེ་བས་དར་མདོ་ལུང་པ་ཁྲུས་རོགས།

བརྩེ་བ་དང་མྱ་ངན། ད་དུང་མྱ་ངན་སྙན་ངག

           — ཁ་བྱང་གི་འགྲེལ་བ།

གླེང་གཞི།

ཁ་བ་ཆེན་པོའི་འདབ་མ་རེ་རེས་ཁྱོད་ཀྱི་བརྩེ་བ་ཁྱེར་ཏེ།

དར་རྩེ་མདོ་ཡི་ལུང་བ་གསུམ་པོ་བརྩེ་བས་ཁྲུས་རོགས།

ཁ་ཆེན་དེའི་ཉིན་ཤས་ཀྱི་རྗེས་ལ།

 

གཅིག

ཞོགས་པ་དེར་ཁྱོད་ཞོགས་པའི་བསིལ་རླུང་ལ་མ་འཛེམས་པར།

དར་མདོའི་སྐེད་ལམ་ཕྲ་མོ་དེ་ལ་མྱུར་སྟོབས་ཀྱི་གོམས་ཁ་བསྒྱུར་ཏེ།

ལས་ཀ་ལ་འགྲོ་ཡི་ཡོད་པ་ངས་མཐོང་གི་འདུག་སྟེ།

ཁྱོད་ཀྱིས་གོན་པ་སྟབས་བདེ་དང་ལྷམ་གོག་འགྲོ་བདེ་ཞིག་གོན་ཡོད་ངེས།

ཕྲག་ཁུག་སྔོན་པོ་དེའང་ཁྱེར་ཡོད་ན་ཐང་།

སྐྲ་ལོ་རིང་ལ་མི་ཐུང་བ་དེ་རྒྱབ་ལ་བཅིངས་ཏེ།

སྐེད་དཀྲིས་ཞིག་ཀྱང་བཅིངས་ཡོད་ངེས།

གཟུགས་པོ་ཕྲ་ལ་རིང་བའི།

སྐྲ་ལོ་འགུལ་ཙམ་འགུལ་ཙམ་གྱི་རྒྱབ་གཟུགས།

ངས་མཆི་མས་སྒྲུབ་པའི་མིག་ལམ་ན་དེ་ལས་གསལ་ཞིག་མི་འདུག

སྙིང་ཉེ་བའི་ང་ཡི་ཤ་ཉེ་ལོ་ལོ།

ཡིད་བཞིན་དབང་མོ།

ང་རང་ཁྱོད་དང་མཉམ་དུ་རྐང་ལམ་དེ་ལ་ཞོགས་པ་དེར་མཉམ་པོར་

འགྲོ་ཡི་མེད་པ་ཅི་ཡིན་ནམ།

ན་ནིང་དབྱར་ཁར་ངེད་གཉིས་དེ་ལ་ཕྱིན་པ་ནང་བཞིན།

 

གཉིས།

ནམ་ཡང་ལུས་རྩལ་དང་འགུལ་སྐྱོད་ལ་དགའ་བའི་ཁྱོད།

རྐང་ལམ་དེ་ནི་རང་གི་ལག་མཐིལ་གྱི་རི་མོ་དང་ཁྱིམ་གྱི་ར་སྐོར་ལྟ་བུ།

རྒྱུས་དང་འདྲིས་ཆེ་བའི་ལམ་ག་དེ་ནས་རྒྱ་ངན་ཤན་པ་ཞིག་དང་འཕྲད་པ།

ཁྱོད་ཀྱིས་ཇི་ལྟར་ཤེས། ག་ལ་ཤེས། བསམ་བློ་གཏོང་དོན་མེད།

དར་མདོའི་རི་ལམ་དེ་ལྔ་མཆོད་དགོན་པ་དང་ཐག་མི་རིང་།

གནམ་སྔོན་མོ་ཡིས་རྒྱང་ལྟ་དང་རི་མཐོན་པོ་ཡིས་ཟུར་ལྟ་བྱས་ཡོད།

ཡིན་ཡང་། ཁྱོད་གཅིག་པོ་ཤན་པ་དེའམ་དེ་ཚོས།

ཉིན་དཀར་པོའི་ནང་། ལམ་འདྲིས་པོ་ནང་།

ཉི་མ་རི་ལ་འགོ་བ་ཙམ་ལ།

དར་མདོའི་ཆུ་སྒྲ་དང་རླངས་འཁོར་གྱི་དུང་སྒྲ་ནང་།

གྲི་ཡིས་བསྣན་ཏེ་སྐེད་བསྡམས་ཏེ།

དབུགས་ཀྱི་རྒྱུ་བ་བཀག   སྙིང་གི་འཕར་ལྡིང་བཀག་བཞག

ཁྱོད་ཀྱིས་སྡུག་བསྔལ་ག་ཙམ་མྱོང་ཡོད་པ།

ངས་བསམ་ཁ་སྐོར་ཕོད་ཀྱིན་མི་འདུག

ད་དུང་ཁྱོད་གཅིག་པོ་ཉིན་དང་ཞག་མ་གཅིག་ལ།

རི་ལམ་གྱི་ཚེར་མ་དང་ལྗོན་པའི་གསེབ་ལ།

མགོན་མེད། སྐྱབས་མེད། གྲོགས་མེད།

ཁྱོད་ཀྱི་རྣམ་གཤིས་ལུས་དང་བྲལ་ཡོད་རུང་།

ཁྱོད་གཅིག་པོ་གང་ལ་སོང་བ་ཡིན་ནམ།

ངའི་གཅེས་པའི། བརྩེ་བའི། སྙིང་ཉེ་བའི།

ཤ་ཉེ་ལོ་ལོ། ཡིད་བཞིན་དབང་མོ།

 

གསུམ།

བརྩེ་སེམས་ཆེ་བའི། ལྷག་བསམ་ལྡན་པའི་ན་ཆུང་མ་ཁྱོད།

འབུ་གྲོག་མ་ཞིག་གི་སྲོག་ལ་འཛེམས་ཤིང་། སེམས་ཅན་དུད་འགྲོ་ཡོངས་ལ།

སྙིང་གི་བརྩེ་ཞིང་། སེམས་ཀྱིས་ཉེ་བས། ཤ་མ་བཟས་ནས་ལོ་མང་ཡིན།

སྨན་པའི་ཤེས་བྱ་དང་བོད་རྒྱ་སྐད་གཉིས་ལ་བྱང་བས།

ཁྱོད་ཀྱིས་བོད་ཀྱི་ཞིང་འབྲོག་གི་ནད་པ་མེད་པོ། རྒྱ་སྐད་མི་ཤེས་མཁན་ཚོ།

མཚན་མོའི་རྨི་ལམ་ལའང་རྨིས་འདུག་ཟེར།

ནད་པ་ལ་གོ་བརྡ་གསལ་པོ་བསྒྲགས། མགོ་གཡོག་མགོ་སྐོར་ཐེབས་མ་བཅུག

མེད་པོ་ལ་སྒོར་མོ་སློང་།

ཁྱོད་ནི་སྨན་ཞབས་པ་དཀྱུས་མ་ཞིག་ཡིན་རུང་།

ནད་པ་དེ་ཚོ་ལ་ཕན་ག་ཙམ་ཐོགས་ཡོད་པ་ནི་ཁོ་ཚོས་ཤེས།

ད་དུང་ང་ཚོ་གཉེན་ཉེ་ཡོངས་ལ་མཚོན་ན།

ཁྱོད་ནི་སྨན་པ་སྨན་རྒན། ཁ་བློ་འདྲི་ས་ཡིན།

ངས་ཁྱོད་ལ་ངའི་སྒེར་གྱི་སྨན་པ་ཁྱོད་རེད་ཟེར་མྱོང་།

གནམ་སྔོན་མོའི་འོག་ལ།

ཅིའི་ཕྱིར། ཅིའི་ཕྱིར། ཁྱོད་ལྟ་བུ་ཞིག་ལ་རྐྱེན་ངན་དེ་འདྲ་འབྱུང་སྲིད།

ཨ་ཁ། མི་བཟང་པོ་ཚོ་སྔོན་ལ་འགྲོ་དགོས་ཀྱི་ཡོད་པ་འདྲ།

བཀྲ་ཁོས་ཁྱོད་རང་མ་འོངས་པ་འདི་ལས་བཟང་ཞིག་ལ་ཕྱིན་པ་རེད་ཟེར།

ངའི་གཅེས་པའི་ཤ་ཉེ་ལོ་ལོ། ཡིད་བཞིན་དབང་མོ།

 

བཞི།

ཁྱོད་ཀྱི་མིང་དེ། གཅེས་པའི་མིང་། མཛེས་པའི་མིང་དེ།

ང་ཚོས་ནམ་ཡང་ཁྱོད་ལ་མིང་ཧྲིལ་པོ་ནས་འབོད།

བསྡུས་མིང་མེད།   གཅེས་མིང་མེད།

རྒྱུ་མཚན་ནི་ཁྱོད་རང་ཉིད་ལྟ་བུ། མིང་དེ་ཧ་ཅང་མཛེས་པས་ཡིན།

གཅེས་པས་ཡིན།  ཡིད་ལ་འོང་བས་ཡིན།

ད་ངས་ཁྱོད་ཀྱི་མིང་། རྡོ་ལ་བརྐོས་འདོད། རུས་ལ་འབྲི་འདོད།

ད་དུང་ཁྱོད་འགྲོ་རྗེས་ཁྱོད་ཀྱི་མིང་ནི་ངའི་སྙིང་གི་ཚ་གཟེར་རེད།

ཡིན་ཡང་། ཡིད་བཞིན་དབང་མོ། ང་ལ་ཚ་གཟེར་དེ་དགོས།

ཁྱོད་ཀྱི་མིང་ནི་བྱང་སྣེའི་སྐར་མ་བཞིན།

ངའི་སྐྱོ་གདུང་གི་རྒྱ་མཚོ་ཡི་ལམ་སྟོན་ཡིན།

 

ལྔ།

ང་ཡིད་ཆེས་ཀྱིན་མི་འདུག འདི་ཡོད་ཚད་རྨི་ལམ་ངན་པ་ཞིག་ཡིན་པར་སྨོན།

ཁྱེད་ཀྱིས་ད་དུང་དར་རྩེ་མདོ་ན་ང་ལ་སྒུག་ཡོད་ན།

ན་ནིང་ཁྱོད་ཁང་པ་གསར་པ་ལ་སྤོ་དུས། ང་ཡོང་ན་སྐྱིད་པོར་འདུག་ཟེར།

ན་ནིང་དབྱར་ཁ་ཟླ་བ་བརྒྱད་པར་ཁྲེང་ཏུའུ་ནས། བོད་མིའི་ཁྲོམ་གྱི།

ཇ་ཁང་དེ་ན་ངེད་གཉིས་སྐེད་འཐིམས་བྱས་ནས་བདེ་མོ་འཇོག་དུས།

ཁྱོད་ཀྱི་ང་ལ་དབྱར་ཁར་ངེས་པར་དུ་ཕྱིར་ལོག་དགོས་ཟེར།

ཁྱོད་མེད་ན་དར་མདོ་ལུང་པ་སྟོང་པ་ཡིན་པས།

ང་ལ་སྒུག་རོགས་གནང་།

 

ད་དུང་ཁྱོད་ཀྱི་གཉེན་སྟོན། ཕྲུ་གུ་སྐྱེ་རྒྱུ་སོགས་ཀྱི་འཆར་གཞི་དེ་ཚོ།

ངས་དེ་ཡོད་ཚད་ཁྱོད་དང་མཉམ་དུ་རོལ་དགོས་པ་མ་རེད་དམ།

 

དྲུག

……

 

བདུན།

དཔྱིད་མགོའི་ཆར་ཟིམ་གྱི་ཐིགས་པ་རེ་རེ་ནི།

ཁྱོད་ཀྱི་བརྩེ་བས་སྦངས་ཏེ་དར་མདོ་ལུང་པ་ཁྲུས་རོགས།

ཁྱོད་རང་གཅིག་པོར་དེ་ལྟར་བསྐྱོད་དགོས་རུང་།

ཁྱོད་ཀྱི་བྱམས་བརྩེ་དང་སྙིང་རྗེ་ཡིས་དར་རྩེ་མདོའི་རི་ལུང་རྡོ་ཆུ་ཚང་མ།

བརྩེ་བས་བསྣམས་ཡོད་པ་ང་ཡིས་ཚོར་གྱི་འདུག

དར་མདོ་ནི་ཁྱོད་ཀྱི་སྐྱེས་ས་མིན་རུང་ཁྱོད་ཀྱིས་གཞི་ཁྱིམ་བཅའ།

རྐང་རྗེས་བཞག   ཚེ་སྲོག་གི་མཚམས་བྲིས་ཡོད་པས།

ཁྱོད་ཀྱི་བརྩེ་བས་ཁྲུས་རོགས།

 

བརྒྱད།

དཔྱིད་ཀྱི་ལྗང་མྱུག་རེ་རེའི་ལྗང་མདོག་དང་།

མེ་ཏོག་གི་འདབ་ལོ་ན་ཁྱོད་ཀྱི་བརྩེ་བ་བཞད་རོགས། མཛེས་སྡུག་བཞད་རོགས།

ངའི་གཅེས་པའི་ཤ་ཉེ་ལོ་ལོ། ཡིད་བཞིན་དབང་མོ།

 

དགུ།

ཁྱོད་ཀྱི་བརྩེ་བ་དང་བྱམས་སེམས་ནི།

ང་ཡི་འཚོ་བ་ན་ནམ་ཡང་གསོན་པའི་ཁྱོད་ཡིན།

ཡིད་བཞིན་དབང་པོ།

དར་རྩེ་མདོ་ཡི་ལུང་པ་གང་པོ།

ཁྱོད་ཀྱི་བརྩེ་བས་ཁྲུས་རོགས།

ང་དེ་ལ་ལོག་ངེས།

ང་ཚོ་ཁྱོད་ཀྱི་བརྩེ་བས་ཁྲུས་པའི་དར་རྩེ་མདོ་ལ་ལོག་རྗེས།

ཤན་པ་དེ་ནི་བརྩེ་བས་སྟོར་སྟེ་རྒྱང་རིང་གི་མུན་ནག་གི་ཤན་ཡུལ་ལ་ཕུད་ཡོད་ངེས།

ང་ཚོ་དར་མདོ་ལ་འཛོམས།

ཕ་ཡུལ་ལ་འཛོམས།

 

བཅུ།

གནམ་སྔོན་པོའི་འོག    སྤྲིན་དཀར་པོའི་འོག

རྒོད་ཐང་དཀར་འདྲ་བོ།

ཁྱོད་རང་རང་དབང་དང་བདེ་སྐྱིད་ལ་བསྙེག་པར་ཤོག

ང་ནམ་ཡང་ཁྱོད་ཀྱི་ཉེ་ས་ཉེ་ས་ཞིག་ནས།

དྲན་ནས་ཡོད།  དུངས་ནས་ཡོད།

སྨོན་ལམ་འདེབས་ནས་ཡོད།

གཅེས་པའི་ཤ་ཉེ་མ་ཁྱོད།

  • ལེ་ཚན་སྔོན་མ།: ཕེབས་ཟིན་པའི་དབྱར་དུས།
  • ལེ་ཚན་རྗེས་མ།:མ་ཡུམ་ལགས།
  • རྩོམ་གསར། 10