དུས་ཀྱི་དགུན་དང་སེམས་ཀྱི་དགུན།

གསའ་སྲས། དཀར་མཛེས།        2018-01-22

   རྒད་པོ་བརྩེ་ལྡན་གྱིས་ལག་གཡས་ཀྱིས་མ་ཎིའི་འཁོར་ལོ་ཞིག་སྐོར་བཞིན་ལག་གཡོན་པས་འཕེན་འཕང་སྤོ་ལོའི་ཆེ་ཆུང་དང་མཚུངས་པའི་བ་སོའི་བརྒྱ་དཔོན་བརྒྱུས་ཡོད་ཅིང་།དངུལ་གྱི་བཅུ་ཚད་སྣེ་མོར་དྲིལ་བུ་དང་རྡོ་རྗེའི་དབྱིབས་ཅན་གླ་རྒྱུན་ ལ་བརྒྱུས་ཡོད་པ་ཆ་གཅིག་བཏགས་ཡོད་པའི་ཕྲེང་བ་ཞིག་བཟུང་འདུག་བལྟས་ཚོད་ཀྱི་ཙན་དན་ཞིག་ཡིན་པའི་སྣང་བ་བྱིན་རུང་།དོན་དངོས་སུ་ཙམ་དན་འདྲ་མ་ཞིག་ལས་ཙན་དན་དག་མ་ཞིག་མ་རེད།ཁོའི་མཆུ་སྒྲོས་ནི་བར་མི་ཆད་པར་འགུལ་བཞིན་འདུག་མོད།འདི་ཡིན་འདི་མིན་གྱི་སྒྲ་གསལ་བོ་ཞིག་སུས་ཀྱང་གསལ་བོ་མི་ཚོར།ན་ནིང་གི་དོན་རྐྱེན་མ་བྱུང་གོང་ལ་སྡེ་མི་རྒན་གཞོན་ཀུན་གྱིས་ཆོས་པ་བརྩེ་ལྡན་ཞེས་འབོད་ཀྱང་།དོན་དེ་བྱུང་རྗེས་ནས་རྒད་པོ་བརྩེ་ལྡན་ནམ།མི་ཉུང་བ་ཞིག་གིས་ལྐོག་ནས་ཤན་པ་བརྩེ་ལྡན་དང་།རྫུན་རྐྱལ་བརྩེ་ལྡན།ད་དུང་དམ་ཉམས་བརྩེ་ལྡན་སོགས་སྐྱི་གཡའ་བའི་ཐ་སྙད་མང་པོ་ཞིག་རྒས་གཉེར་ལུང་ཤུལ་འདྲ་བ་དག་ཐོད་དུ་སྒྲིག་དུས་ད་གཟོད་རྒད་པོ་བརྩེ་ལྡན་གྱི་ཐོག་ཏུ་གཏམ་ངག་དང་མྱི་ཁ་གློག་འཚུབ་འཚུབ།འབྲུག་གྲགས་གྲགས་བྱས།ཁོས་མཚམས་མཚམས་སུ་མིག་གཉིས་བཙུམ་པ་དང་ཡང་ལན་རེར་མདུན་ཕྱོགས་ཀྱི་གངས་རི་ཁོ་རང་གི་མགོ་བོའི་མདོག་ལྟར་དཀར་བ་དེ་དང་།ཐོད་པའི་གཉེར་རིས་ལྟ་བུའི་རི་སུལ་དག་ལ་ཡང་ཡང་ལྟ་བཞིན་འདུག ད་སྔོན་མི་ལོ་དྲུག་བཅུ་ལྷག་ལ་སྐྱིད་སྡུག་དྲོ་འཁྱག་མང་པོ་དང་ཕྲད་མྱོང་ལ་ལྷག་པར་དུ་མུག་ངན་མའི་ལོ་དང་རིག་གནས་གསར་བརྗེའི་སྐབས་སོགས་སུ།དཀའ་ལས་མ་རིག་གི་བསམ་པ་མེད་པའི་རྒད་པོ་བརྩེ་ལྡན་ལ་མཚོན་ན།ད་ལོའི་དགུན་ཁ་ལྟ་བུའི་འཁྱག་པ་ཞིག་ནི་ཕྱིར་དྲན་ཅི་ཙམ་བྱས་ཀྱང་གློ་སྙིང་བར་ན་འཆར་རྒྱུ་མེད་ལ།ལོ་འདིའི་དགུན་ཁ་ནི་དམིགས་གསལ་གྱི་འཁྱག་བའི་དགུན་ཞིག་ཡིན།རི་ལུང་ཐང་གསུམ་ཁ་བས་མནན་ཞིང་རྟ་ནོར་ལུག་གསུམ་གྱིས་རྩྭ་ཆུར་རོལ་བ་ཕར་ཞོགཁངས་ཆགས་འདི་བསྟུད་མར་ཉིན་ཁ་ཤས་ལ་བབས་ན་དུད་འགྲོ་མང་པོ་ཤི་ངེས་རེད།དེ་རིང་ས་རྡུལ་གྱིས་བཀབ་པའི་མེ་ལོང་ཞིག་ལ་ལུས་སྟོབས་ཞན་པའི་ནད་པ་ཞིག་གིས་ཕུ་བཏབ་དང་འདྲ་བར་ཀུན་གསལ་ལྷ་ལམ་གྱི་ངོས་སུ་སྤྲིན་པ་སྲབ་མོས་གཡོགས་ཡོད་པ་ལས་ཉི་འོད་རབ་རིབ་ཅིག་མངོན་འདུག

     དགུན་ཁང་གི་སྒོ་ཁ་ན་དཀྱིལ་ཀྲུང་བཅས་ནས་འདུག་ཡོད་པའི་རྒད་པོ་བརྩེ་ལྡན་གྱི་སེམས་ཀྱང་ཕྱིར་དྲན་གྱི་རས་གཞི་ཆེན་པོ་ཞིག་དང་འདྲ་བར་འདས་དོན་ཞིག་མག་མོག་ཏུ་འཆར་བྱུང་།དེ་ནི་ལོ་གཅིག་གི་སྔོན་གྱི་དགུན་ཁའི་ཉིན་ཞིག་ཡིན།“ཡ་་་་སངས་རྒྱས།དེ་རིང་འབྲི་སྐམ་དེ་རི་ལ་མ་གཏོང་།ང་ཚོ་བོད་ལ་མཚོན་ན་གནའ་ནས་ད་བར་དུ་ས་མཐོ་ས།གྲང་ལྷགས་ཆེ་ས་ན་ཤ་མར་རྩམ་གསུམ་གྱི་དྲིན་ལ་འཚོ་གནས་བྱས་པ་རེད།དགུན་ཚེས་དུས་ཚང་མ་ལ་མི་ཁོམ་རྒྱུའང་ཆེན་པོ་མེད་པས།འབྲི་སྐམ་དེ་དགུན་བཤས་་་་་”སྐད་ཆ་བཤད་རྔ་མ་བུད་པར་ཆུང་མ་མེ་སྒྲོན་གྱིས་སླ་ངའི་ཐོག་ཏུ་སྐྱོགས་ཁྲོག་དིར་རེ་འཕང་ནས་“ཁྱེད་ཕ་བུ་གཉིས་ངོ་མི་ཚ་འམ།ན་ནིང་ནས་དགོན་པས་དགེ་བཅུའི་ཁྲིམས་བཞག་ནས་བཤས་ཉོ་བཤས་ཚོང་བྱེད་མི་ཆོག་པ་མ་ཟད་དགུན་བཤས་བཤའ་མི་ཆོག་པའི་ཁྲིམས་བཅས་པ་མ་ཡིན་ནམ།ད་དུང་མི་མང་པོ་ཞིག་གིས་དམར་ཟས་གཏན་སྤངས་བྱེད་ཀྱིན་འདུགཁྱེད་ཕ་བུ་གཉིས་ཀྱིས་སྤངས་མ་ཐུབ་ནའང་དགུན་བཤས་ནི་བཤའ་མི་རུང་མ་གཏོགས་ཆོས་སྒོ་རྒྱག་རྒྱུ་རེད། ”ཅེས་ཧ་ཅང་ནན་ཏན་གྱིས་བཤད།   

    བརྩེ་ལྡན་ཕ་བུ་གཉིས་ཀྱིས་ཕན་ཚུན་གྱི་ངོ་གདོང་ལ་ལྟ་ཙམ་བྱས་ནས་རང་རང་སར་ཅི་ཡང་མི་སྨྲ་བར་རེ་ཞིག་ཁུ་སིམ་མེར་གྱུར།དུས་ཚོད་ཅུང་ཙམ་འགོར་རྗེས་བུ་སངས་རྒྱས་ཀྱིས་“སྤྱིར་དགོན་པ་ཟེར་བ་ནི་ང་ཚོའི་སྐྱབས་ཀྱི་ཕ་དང་མགོན་གྱི་མ་ལྟ་བུ་ཡིན་ལ་བརྩིས་ཀྱང་མྱོང་མོད།ན་ནིང་དོ་ཚིགས་ཀྱི་ཁྲིམས་འདི་དག་ལ་ནི་མང་ཚོགས་ཀྱིས་ཁ་ནས་ཅི་ཡང་མི་བཤད་ནའང་དོན་གྱིས་རྩ་བ་ནས་འཐད་ཀྱིན་མི་འདུག་”ཅེས་བཤད་མ་ཐག་ཏུ།དགུན་གནང་ལ་ཁྱིམ་དུ་བསླེབས་ཡོད་པའི་བུ་ཕུན་ཚོགས་ཀྱིས་“བླ་རྒན་འདི་ཚོས་ཅི་བྱེད་འདི་བྱེད་མ་རྙེད་པ་རེད།བཀུར་ཆེ་ན་ཟས་གོས་ཀྱང་ཁྲིམས་ཀྱིས་ཚོད་འཛིན་བྱེད་ཀི  ཡང་གཅིག་བཤད་ན་ཚོད་འཛིན་བྱེད་སྟངས་འདིའི་རིགས་ནི་འགྲོ་བ་མིའི་ཡོངས་ཁྱབ་རིན་ཐང་དང་ཡང་སྦད་དེ་འགལ་འདུག  མི་བུ་གང་ཞིག་ཡིན་ཡང་རང་གིས་འབད་པའི་བསྒྲུབས་པའི་རྒྱུ་ནོར་འཛད་སྤྱོད་བྱེད་པའི་ཐོབ་ཐང་ནི་རང་ལ་ཡོད་པ་རེད།བཤས་ཉོ་བཤས་ཚོང་བྱེད་པ་དེ་དགོན་པ་ཁོ་ནས་ལུང་ཁུག་ལ་བཞག་པའི་ཁྲིམས་ཤིག་ལས་གཞན་འཛམ་གླིང་ན་དེ་འདྲའི་ཁྲིམས་ཤིག་གང་ན་ཡོད།མི་སྒེར་སྡིག་པ་དང་ཕྱི་མ་ལ་སྐྲག་མིན་དོན་དག་གཞན་ཞིག་རེད།ཚོང་ལས་ནི་མ་གཞི་ནས་སྤྱི་ཚོགས་ཡར་རྒྱས་དང་དཔལ་འབྱོར་གོང་འཕེལ། ཁྱིམ་གྱི་ཆ་རྐྱེན་ཇེ་ལེགས་སུ་གཏོང་བའི་ཐབས་ལམ་བཟང་ཤོས་དེ་རེད།བླ་མ་འགའ་རེས་སྐུ་ཉི་མའི་ནང་བཞག་ན།གསུང་གྲིབ་མའི་ནང་ལ་སྒྲོག་གི་འདུག་པ་འདི་ནི་རུང་བ་ཞིག་མ་རེད།བཤད་མཚམས་འདི་ནས་ཕ་རྒན་བརྩེ་ལྡན་གྱིས་ཚིག་ཐག་ཆོད་པོས།ད་སྐབས་གཅིག་ནས་བཟའ་ཚང་མགོ་འཛོམས་རེད།ཚང་མ་ཁོམ་ཡང་ཁོམ་ཀི།ཞི་ལུ་ཡང་ཡུལ་ལ་ཡོད་ཀི  ཤ་རེ་བཙོས།ཟ་མ་ཡག་པོ་རེ་ལས་ནས་བསྡད་ན་དགའ་ནི་རེད།གཉིས་ནས་ཤ་ཕྱེད་བཙོང་ན་ཞི་ལུའི་སློབ་ཡོན་ཡང་སྤྲད་ཆོག་གི་མ་གཏོགས།ད་ལོར་སྒོར་མོ་དཀོན་ཀི་་་་་ཡ་ད་མང་པོ་མི་བཤད།སངས་རྒྱས་ཁྱོད་ད་ལྟར་སོང་ལ་འབྲི་སྐམ་དེ་ཁྲིད་ཤོག་དང་ཞེས་ཐག་བཅད་པས་ཆུང་མ་མེ་སྒྲོན་ཡང་སྨྲ་བ་མེད་པར་ད་ཅི་གོང་ནས་སྨྲས་པ་དང་མི་དགའ་བའི་རྣམ་འགྱུར་དེ་དག་ཞོགས་པའི་སྨུག་སྤྲིན་བཞིན་རིམ་གྱིས་མི་མངོན་པར་གྱུར་སོང་།དེ་ཡང་སྒལ་ཚིགས་མེད་པའམ་ཡང་ན།རྒྱུ་མཚན་མེད་པའི་རྟགས་ཞིག་མ་ཡིན་ཏེ།ཁོའི་སེམས་སུ་ད་ལོའི་ཞོར་ལས་ཀྱི་ཡོང་སྒོ་དང་བུ་ཆུང་བའི་སློབ་ཡོན་སོགས་དྲན་དུས་འཁོར་བ་ནི་མ་གཞི་ནས་འདི་འདྲ་རང་རེད་བསམ་པ་ལོས་ཡིན།

   དགུན་ཁང་ནང་གི་ཉི་ནུས་གློག་བརྙན་ལས་གླུ་སྐད་དྭངས་མ་ཞིག་གིས་ཁྱིམ་གང་བོར་ཁྱབ།

   དབེན་པའི་རི་ལ་སོང་ན། །

   བྱམས་པའི་ཐུགས་དང་འགལ་འགྲོ། །

   བྱམས་པའི་ཐུགས་དང་བསྟུན་ན། །

   ཚེ་འདིའི་ཆོས་སྐལ་ཆད་འགྲོ། །

   ཨ་་་་ཧ་་་་་

     ཞེས་ལེན་རྔ་མ་བུད་པར་མདོ་འཛིན་པས་རྒྱལ་བ་ཚངས་དབྱངས་རྒྱ་མཚོའི་སྐོར་གྱི་གཏམ་མང་པོ་ཞིག་བཤད་པ་ལས་མུ་མཐུད་དུ་གླུ་དེ་གཏོང་མ་སོང་བས་ཕུན་ཚོགས་ཀྱིས་“ཨ་ཡོ་་་་བརྡ་ཁྱབ་རེད་འདུག་”ཅེས་འཁང་ར་བྱས།ཕྱི་ཉིན་རྒད་པོ་བརྩེ་ལྡན་དང་ཆུང་མ་མེ་སྒྲོན་གཉིས་ཀྱིས་རྒྱུ་མ་གཡོས་ཚར་ཏེ།སངས་རྒྱས་དང་ཕུན་ཚོགས་གཉིས་བོས་ནས་གུང་ཇ་མཉམ་དུ་འཐུངས་རྗེས་སངས་རྒྱས་གྲོང་བརྡལ་དུ་ཤ་ཚོང་ལ་སོང་།ཕུན་ཚོགས་ཀྱིས་ཀྱང་དགུན་གནང་གི་ལས་བྱ་འབད་པས་བྲིས།ལྷ་ལུང་སྡེ་བའི་དགུན་ས་ནི་རི་གསུམ་གྱི་བར་དུ་ཆགས་ཡོད་ལ།དགུན་ས་འདིར་རྩྭ་ཆུ་ཕུན་སུམ་ཚོགས་ཤིང་།གྲོང་སྡེ་དང་དགོན་པར་ཡང་ཐག་མི་རིང་བས་ཧ་ཅང་སྟབས་བདེ་ཡིན།དགུན་ཁའི་ཉི་འོད་ནི་དྲོ་ཞིང་རི་བོ་གསུམ་གྱིས་བསྐོར་ཡོད་པས་ཡིན་ནམ་ཡང་ན་ཅི་ཡིན་མི་ཤེས་མོད།རླུང་བུ་ཡང་དེ་ཙམ་མི་བཙན་པས་སྡེ་བ་གཞན་པ་ཚོས་དགུན་མཚེར་འདིར་ཡིད་སྨོན་ཤོར་བ་ཉུང་ཉུང་ག་ལ་ཡིན།ནམ་རྒྱུན་དང་མི་འདྲ་བར་དེ་རིང་གི་ཉི་འོད་ནི་སྔོན་ལྟར་མི་དྲོ་ལ།ནུབ་རིའི་ཕག་ཏུ་ཡིབ་པའང་དེ་རིང་གི་ཡུད་ཙམ་སྔ་འདུག་པའི་སྣང་བ་ཞིག་སྟེར།རླུང་བུའང་ལྡང་བ་ཧ་ཅང་གྲང་ཞིང་གདོང་ཡོངས་ལ་ཐལ་ལྕག་གཞུས་པ་ལྟར་ཤིན་ཏུ་ཚ་ནའང་།སངས་རྒྱས་ཕྱིར་ཡོང་བར་སྒུག་ཡོད་པའི་མ་རྒན་མེ་སྒྲོན་གྱིས་རིས་དབྱིབས་འདྲ་མིན་ས་ཁྲ་ལྟར་ཕྱོགས་ཕྱོགས་སུ་འཐེན་ཡོད་པའི་ལག་པ་གཉེར་མ་ཆུ་རིས་བཞིན་བསྡུས་པའི་ཐོད་པར་གཏུག་ནས་རྒྱང་རིང་ལ་ལྟ་བཞིན་འདུགཁོ་མོའི་མིག་ལམ་དུ་མཚམས་མཚམས་སུ་མི་རྟ་མང་པོ་མངོན་འོང་ཞིང་།ཡང་མཚམས་རེར་འཕྲུལ་རྟའམ་རླངས་འཁོར་འདྲ་ཞིག་མཐོང་འོང་མོད།གང་ལྟར་མི་དང་འཕྲུལ་ཆས་གང་རུང་ཞིག་ཡོང་གིན་པ་ཐག་ཆོད་པས།ཕུན་ཚོགས་ལ་འབོད་ཞོར་“ད་ནི་ངོ་མ་མིག་ཞ་སོང་ཟིགདཀོན་མཆོག་གསུམ་མཁྱེན་”ཞེས་ལག་ཟུང་ཐལ་མོ་སྦྱར།ཕུན་ཚོགས་ཀྱིས་ལྟ་ཙམ་བྱས་མ་ཐག་ཕུ་བོས་སྔོན་དུ་འཕྲུལ་རྟ་བཞོན་ནས་ཡོང་གིན་འདུག་པ་མཐོང་བས་དེ་རིང་ཤ་ཚོང་ལམ་ལ་སོང་ཡོད་པ་མ་ཟད།ད་དུང་ཚོང་པ་རྒྱུ་ཆེན་འགའ་རྒྱབ་ཏུ་ཁྲིད་འདུག་ཅེས་ཕ་མ་གཉི་ཀས་གོ་བར་བྱས་ནས་བཤད།རྒན་པོ་བརྩེ་ལྡན་གྱིས་ཚ་རུ་འདྲ་བའི་ལྭ་རིང་གཡང་ཤམ་དུ་གོན་ནས་ཐེ་ཚོམ་ངང་སྒོར་བུད་དུས་རླངས་འཁོར་སྒོ་འགྲམ་དུ་བསླེབས་འདུག  རླངས་འཁོར་ལས་བབས་མཁན་ནི་ཞྭ་མོ་དཀར་པོ་ཅན་གྱི་རྒྱ་མ་ཡིན་པར་གཟན་ཤམ་དམར་སྨུག་ཅན་གྱི་གྲྭ་བ་དང་སྟོད་འགག་སེར་པོ་མནབས་པའི་དགུ་མདོ་བཤད་སྒྲུབ་གླིང་གི་དགོན་བདག་བླ་མ་དང་དགོན་པའི་ལས་སྣེ་སོགས་རེད།རྒད་པོ་བརྩེ་ལྡན་དང་ཆུང་མ་མེ་སྒྲོན་གཉིས་ཀྱིས་དགུ་མདོ་བཤད་སྒྲུབ་གླིང་གི་དགོན་བདག་བླ་མ་དང་དགོན་པའི་ལས་སྣེ་སོགས་མཐོང་མ་ཐག་འཇིམ་སྐུ་ཞིག་དང་འདྲ་བར་དབུགས་ཀྱི་རྒྱུ་བའང་རེ་ཞིག་ཆད་ལ།སྐད་ཅིག་མྱུར་དུ་ཁོར་ཡུག་ཀུན་མུན་ནག་གིས་བཏུམས་པ་བཞིན་ནག་ཐུམ་མེར་གྱུར་ནས་མིག་ལམ་གྱི་ཡོད་ཚད་རབ་རིབ་ཏུ་སྣང་།ཅི་ཞིག་བཤད་བརྩིས་ཀྱི་ཁ་ཤ་ལྷབ་ལྷུབ་འདར་ཡང་ངག་ནས་ཅི་ཡང་མ་ཁྲོལ།དེ་མུར་ཁོ་ཚོས་ཞི་ལས་ཙི་གུ་མཐོང་བ་ལྟར་སངས་རྒྱས་འཕྲུལ་རྟ་ལས་བབས་མ་ཐག་གཉའ་བ་ནས་བཟུང་སྟེ།“ཡ་རྒན་པོ་བརྩེ་ལྡན་ཁྱོད་ཀྱི་བུ་འདིས་ཁྱིམ་ནས་དགུན་བཤས་བཤས་པ་མ་ཚད།གྲོང་ནས་ཤ་བཙོང་ཕོད་ཀིའདི་ནི་ངེད་དགོན་པའི་ཁྲིམས་ལ་མ་བརྩིས་པ་མ་ཟད།ང་ཚོ་དགོན་པའི་ལས་སྣེ་རྣམས་ལ་ལྷག་ཏུ་བརྙས་བཅོས་བྱས་པ་རེད།ཆོས་དགེ་བཅུ་དང་འགལ་ན་མཇུག་འབྲས་གཅིག་ལས་མེད་པ་ནི་ཤེས་གསལ་རེད།དེ་རིང་ནས་བཟུང་ཁྱོད་ཚང་ཡུལ་དགོན་གཉིས་ཀྱི་སྐྱིད་སྡུག་གི་གྲལ་ནས་ཕྱིར་ཕུད་རྒྱུ་ཡིན།ནམ་ཞིག་ལ་སྒོར་མོ་ཁྲི་ལྔ་ཁྱེར་ནས་བཤགས་པ་བྱེད་དུ་འོང་ཚེ་ད་གཟོད་ཆོས་སྒོ་ཕྱེ་ན་ཆོགདེ་མིན་ན་་་་་”ཞེས་མུ་མཐུད་དུ་བཤད་པའི་སྐད་ཆ་རྣམས་བློ་ངོར་རྒྱུག་ཆུ་བཞིན་འཆར་བའི་སྐབས་སུ་གློ་བུར་དུ་གྲང་ངར་གྱི་རྐྱེན་ཡིན་ནམ་ཡང་ན་དགོན་དཔོན་གྱི་བཀའ་བཀྱོན་ལ་འཇིགས་པ་མི་ཤེས་པར་ལུས་ལ་གྲང་འདར་ལྟ་བུ་ཞིག་བརྒྱབ་ནས་ཕྱིར་དྲན་གྱི་རྨི་ལམ་ལས་སད་བྱུང་།ཏག་ཏག་ན་ནིང་གི་ཟླ་བ་འདི་ནི་ཡུལ་དགོན་གཉིས་དང་འགལ་ཞིང་ཆོས་སྒོ་རྒྱག་པའི་དུས་ལ་ཁེལ་ཡོད་པ་མ་ཟད།དགོན་པར་བཤགས་དངུལ་འབུལ་རྒྱུ་མ་རྙེད་པར་ལོ་ཧྲིལ་བོ་གཅིག་འགོར་བ་གསལ་ལྷང་ངེར་དྲན།།


  • ལེ་ཚན་སྔོན་མ།:དབྱར་རྩྭ་དགུན་འབུའི་རིན་ཐང་།
  • ལེ་ཚན་རྗེས་མ།:ལུག་གི་གྲོགས་པོ་ཚོ།
  • རྩོམ་གསར། 10