དབྱར་རྩྭ་དགུན་འབུའི་རིན་ཐང་།

གུ་རུ་སྒྲོལ་མ། དཀར་མཛེས།        2018-01-22

    "འབྲི་མོ་ག་ཁྲ་མ་དེ་རིང་ཡང་བེའུ་ཁྱུའི་ནང་ལ་བརྒྱུགས་སོང་བས་འོ་མ་ནུས་ཚར་འདུགཤུ། "   གཡང་སྐྱིད་ཀྱི་མིག་ཟུང་གཉིས་ཉི་མས་གཙེས་པའི་དངུལ་ཆུ་རྡོག་པོ་དེ་དག་གིས་གནོན་ལ་ཁད་ཀྱིས་ཁྱིམ་དུ་འཛུལ་བྱུང་།དུས་བཞིར་ནོར་ཕྱུགས་འཚོ་སྐྱོང་གི་ལས་ལ་བྲེལ་བའི་རྩྭ་ཐང་གི་འབྲོག་མི་ཚོར་མཚོན་ན།དབྱར་འདི་ནི་ནངས་ཇ་ལའང་སོས་དལ་གྱིས་རོལ་ཁོམ་མེད་པའི་དུས་ཚིགས་ཤིག་ཡིན་ལ།སྒོ་ཕྱུགས་འབྲི་བརྒྱ་ལ་སོན་ཞིང་སྒོ་ཕྱི་ཁྱིམ་གཉིས་ཀྱི་ལས་ཀ་གཅིག་ལྕོགས་སུ་འགན་འཁུར་དགོས་པའི་ཨ་ཁུ་བསོད་འཕེལ་ཚང་གི་བུ་མོ་གཡང་སྐྱིད་དེ་བས་བྲེལ་ཟིང་ཆེ་བ་སྨོས་མ་དགོས།སྦྲ་གུར་རྩིབས་མ་༢༥ཅན་གྱི་ཁ་ཚུབ་ཀྱི་ཉི་ཐིག་ན་རྩིད་པ་སེད་བཞིན་པའི་ཨ་མ་ཟླ་བ་སྒྲོལ་མས་སྐད་ཆ་དེ་ཐོས་འཕྲལ་ཤིན་ཏུ་ཕངས་པའི་ཉམས་ཤིག་གིས་"ཞི་ལུ་བེའུ་འཚོ་རུ་སོང་བ་མིན་ནམ།འབྲི་མོ་ག་ཁྲ་མ་ཅི་ཞིག་ལ་ནུས་སོང་ནི་རེད་" ཅེས་དྲིས་ཚེ། "ཞི་ལུ་དགོང་འབྲི་བསྡུ་སར་བཏང་བ་ཡིན། " "བེའུ་རྫི་ཞིག་གི་གོ་མ་ཆོད་ན་ན་ནིང་ནས་དགོན་པར་གྲྭ་བ་བྱེད་དུ་བཏང་ན་བཟང་ཟིག " ཅེས་བཤད་ཞོར་དུ་ཁྱིམ་གྱི་གཡས་ཕྱོགས་སུ་བཞག་ཡོད་པའི་ཉལ་ཁྲིའི་ཕྱོགས་སུ་མཆུ་ཏོས་སྟོན་བཞིན་"ཕལ་ཆེར་དོན་ཆེན་ཞིག་ཡོད་པ་འདྲ།ཁ་པར་ཐེངས་འགའ་ལ་གྲག་བྱུང་།ངས་ཉན་གྲབས་བྱས་ཀྱང་གང་གནོན་དགོས་ནི་ཡིན་མི་ཤེས་འི། " ཞེས་མུ་མཐུད་དུ་རྩིད་པ་སེད་ཟིན་པ་དག་འདབ་ལི་བྱེད་པར་བྲེལ་སོང་།གཡང་སྐྱིད་ཀྱིས་དེ་མུར་ཁ་པར་བླངས་ནས་བལྟས་པ་ན།འཆར་ངོས་སུ་ཤར་བ་ནི་"རིག་འཛིན་སྒྲོལ་མ་" ཞེས་པའི་ཡིག་འབྲུ་བཞི་དེ་རེད།རིག་འཛིན་སྒྲོལ་མ་ནི་གཡང་སྐྱིད་དང་སྡེ་བ་གཅིག་ཡིན་ལ་སློབ་ཆུང་ལོ་རིམ་དྲུག་དང་སློབ་འབྲིང་ལོ་རིམ་གསུམ་ཙམ་གྱི་སློབ་གྲོགས་ཀྱང་ཡིན།ཁོང་གཉིས་ཀྱི་བར་ལ་རིགས་རུས་ཁྲག་རྒྱུན་གྱི་འབྲེལ་བ་མེད་རུང་ཕ་གཅིག་གི་བརྩེ་བ་དང་མ་གཅིག་གི་ནུ་ཞོ་ལས་འཚར་ལོངས་བྱུང་བའི་སྤུན་ལྟར།རྣམ་ཀུན་ཟས་ཞིམ་པོ་ཡོད་ན་མཉམ་རོལ་དང་གོས་དྲོན་པོ་ཡོད་ན་མཉམ་གྱོན།ང་ལ་ཡོད་ན་ཁྱོད་ཀྱི་ཡིན་ཞིང་ཁྱོད་ལ་ཡོད་ན་ངའི་ཡིན་པའི་མཛའ་གཅུགས་ཀྱི་གྲོགས་མོ་ཡིན།དེ་བས་མོའི་གདོང་ལ་འཛུམ་མདངས་ཤིག་རྒྱས་བཞིན་"རིག་སྒྲོལ་རེད་འདུག་"ཅེས་མྱུར་མོར་མིང་དེར་མཛུམ་མོས་མནན་ཏེ་ཁ་པར་གཏོང་འགོ་བརྩམས། "ཝེ། ""ཨོ། ""ངས་ཁྱོད་ལ་ཁ་པར་ལན་འགའ་བཏང་བ་ཡིན།འོན་ཀྱང་ལེན་མཁན་མི་འདུགཅི་རེད།ད་ངའང་བརྗེད་སོང་བ་ཨེ་རེད་"ཅེས་གསལ་ཞིང་དྭངས་ལ་རྒྱུས་མངའ་ཡོད་པའི་སྐད་གདངས་ཤིག་གཡང་སྐྱིད་ཀྱི་རྣ་ལམ་དུ་འཛུལ་བྱུང་།

   "ཧེ་ཧེ།མ་རེད་མ་རེད།གང་ན་ཡིན།ང་ཟོག་རྡང་ལ་སོང་ནས་ད་སོ་མ་ཁྱིམ་དུ་ཐོན་པ་ཡིན།བདེ་མོ་ཨེ་ཡིན་།ཅི་ལས་འི་ཡོད།སློབ་སྦྱོང་ཨེ་དཀའ་འི། ""ཨོ་ཡ་ཡ།ཨ་ལ་ཀུ་རེ་ཡིན།སྐྱོན་མེད་ཀི།སློབ་སྦྱོང་དེ་ཙམ་དཀའ་རྒྱུ་མེད་རུང་མཐར་ཕྱིན་དཔྱད་རྩོམ་འབྲི་དགོས་པས་བྲེལ་བ་ཅུང་ཆེ་འི།ཁྱོད་ཀྱིས་དེ་སྔོན་ང་ལ་སྐད་འཕྲིན་རྩེ་བཞིན་ཡོད་ཟེར།ཉི་མ་འདི་དག་ལ་ངས་སྐད་འཕྲིན་དུ་ཁྱོད་ཀྱི་ཨང་གྲངས་ཐེངས་འགར་བསྣན་པ་ཡིན།ད་རུང་དང་ལེན་བྱས་མེད་ནི་དེ་ཅི་རེད། ""ཨོ།ཨོ།ཉིན་བཅུ་ལྷག་གི་སྔོན་ནས་ང་ཚོའི་སར་འཕྲིན་བརྡ་ཆད་པས་དེ་རིང་བར་ཐོན་མ་བྱུང་།ད་ངས་ཁྱོད་དང་ལེན་བྱ་ཡོང་ཨཱ།ཐུགས་ཁྲོ་མ་ལངས།ཨ་ཅེའི་ལོ་ལོ། ""ཡ་ཡ།དེས་ན་སྐད་འཕྲིན་ནས་མཇལ། ""བདེ་མོ།"གཡང་སྐྱིད་ཀྱིས་ལམ་སང་ཁ་པར་གྱི་གསང་གྲངས་༡༣༨༦མནན་ནས་འཆར་ངོས་ལས་སྐད་འཕྲིན་གྱི་སྒོ་ཕྱེ།མ་གཞིར་མོ་རང་སློབ་སྦྱོང་གི་གཡང་ས་ལས་བུད་དེ་ལང་ཚོའི་མྱུ་གུ་འབྲི་མོ་ག་ཁྲ་མ་དང་ལྷན་དུ་རྩྭ་ཐང་འདི་ལ་ཕུལ་ནས་ལོ་ངོ་བདུན་བརྒྱད་ཙམ་ཕྱིན་མོད།བོད་རྒྱ་ཡིག་རིགས་གཉིས་ལ་རྨང་གཞི་འདང་ངེས་ཤིག་ཡོད་པས་ཁ་པར་གྱི་སྤྱོད་ཆས་དག་བཀོལ་བར་བཀག་རྒྱ་ག་ལ་ཡོད།སྐར་མ་གཅིག་ལྷག་གིས་མོའི་སྐད་འཕྲིན་གྱི་བརྡ་སྐྱེལ་འཆར་མགོར་ཨང་ཀི་དམར་པོ་དེ་མངོན་བྱུང་།མོས་དེ་མ་ཐག་ཏུ་དེར་མནན་ཏེ་བལྟས་པ་ན་སྐད་འཕྲིན་གྱི་དབུ་བརྙན་ལས་སྒོར་ལ་གནག་པའི་རིག་སྒྲོལ་གྱི་མིག་ཟུང་དང་འཇིལ་ལིར་འཁྱིལ་བའི་སྨུག་སྣུམ་གྱི་སྐྲ་ལོ།ནུབ་ཕྱོགས་ཀྱི་མིང་དུ་གྲགས་པའི་མེང་ནཱ་ལེ་ཧྲའི་འཛུམ་མདངས་ལའང་འགྲན་དུ་བཟོད་པ་འདྲ་བའི་བཞིན་རས་དེ་མངོན་བྱུང་།མུ་མཐུད་དུ་པར་མཛོད་དུ་ཞུགས་པ་ན།མོ་རང་རྨི་ལམ་ནས་ཐེངས་མང་བསྐྱོད་མྱོང་བའི་བརྗིད་ལ་རྔམ་པའི་སློབ་ཁྲིད་ཐོག་ཁང་དང་དཔེ་མཛོད་ཁང་།དྲོད་ཁུལ་འབའ་ཞིག་ན་སྐྱེས་པའི་ལྗོན་ཤིང་དང་ཚོས་སྣ་མི་གཅིག་པའི་མེ་ཏོག་སྣ་མིན།ཆུ་སྐྱེས་འདབ་སྟོང་གིས་ཕྲ་ཚོམ་བརྒྱན་པའི་མིས་བཟོས་རྫིང་བུ།ཁོད་ཡངས་རྩྭ་ཐང་གི་སྙེམས་པ་འཕྲོག་པའི་ལུས་རྩལ་ར་བ།ཤེས་རིག་གི་སྦྲང་རྩིས་བཞིན་རས་བྱུགས་པའི་སློབ་གྲོགས་སོགས་ཀྱིས་རྒྱབ་ལྗོངས་མཛེས་པར་བྱས་པའི་རིག་སྒྲོལ་གྱི་པར་རིས་དེ་དག་གཅིག་རྗེས་གཉིས་མཐུད་དུ་ཁོ་མོའི་མིག་ཀོང་ནས་སེམས་པའི་གཏིང་རིམ་དུ་འཛུལ་བའི་ཚེ་ན་སློབ་ཆེན་ལ་ཞུགས་འདོད་ཀྱི་འདུན་པ་དེ་སྔར་ལས་ཟབ་པར་གྱུར་ཞིང་།ཞོར་དུ་ཨ་ཕ་ལ་ཡང་བསྐྱར་འཁང་ར་དང་ལེ་བདའ་ཞིག་བྱེད་ཤོར་སོང་།དེ་ནི་ལོ་ངོ་བདུན་ཙམ་གྱི་ཡར་སྔོན་ཏེ།གཡང་སྐྱིད་དམའ་འབྲིང་གསུམ་པར་བསླེབ་ལ་ཉེ་བའི་སློབ་མ་ཞིག་ཡིན།མཚོ་འཕགས་ལ་རྨིད་སྟོང་གསུམ་ལྷག་ལ་སོན་པའི་དགེ་རྩེ་ཟླ་ཡུལ་རྩྭ་ཐང་ལ་མཚོན་ན།ས་བབ་དང་གནམ་གཤིས་གང་ལ་གཞིགས་ཀྱང་དབྱར་རྩྭ་དགུན་འབུ་སོགས་སྨན་རྩྭ་རིགས་སྣ་ཚོགས་འཛོམས་ཡོད་པའི་ས་ཁུལ་ཞིག་ཡིན།ས་སྔ་མོ་ནས་དྲོས་ཟིན་ལ་ཁུ་བྱུག་ཀྱང་ཐོན་ཟིན་པས་འབྲོག་ཁུལ་གྱི་སློབ་ཆུང་དག་འབུ་བརྐོའི་གུང་གསེང་ལ་བསླེབས་སོང་།རྒྱུ་ནོར་ལ་སྲེད་པ་གཞན་ལས་ཆེ་བའི་ཨ་ཁུ་བསོད་འཕེལ་གྱིས་རྫོང་ཐོག་ནས་དབྱར་རྩྭའི་རིན་གོང་ན་ནིང་ལས་ལྡབ་ཉིས་འགྱུར་གྱིས་ཆེ་བའི་ཁར་"མེ་འབར་ཁ་ལ་ཤིང་སྐམ་"ཞེས་པའི་དཔེ་ལྟར།གཉེན་ཉེ་ཚོས་ཀྱང་ནམ་རྒྱུན་"བུ་མོ་ལོ་བཅུ་བདུན་བར་སློབ་གྲྭར་བཞག་ཀྱང་གོ་ཟེར་བ་ར་མའི་རིལ་མ་འདྲ་མ་ཆོད་པའི་ཐོག་ལོ་རེར་སྒོར་མོ་དེ་འདྲ་མང་པོ་འགྲོ་སོང་གཏོང་དགོས་འདུགདེ་བས་སློབ་གྲྭ་ནས་བླངས་ཏེ་དབྱར་རྩྭ་རེ་རྐོ་རུ་འཇུག་པ་དང་འབྲོག་ལས་བསླབས་ནས་བག་མར་གཏོང་རྒྱུ་བྱས་ན་བཟང་"ཟེར་བ་སོགས་དྲན་པ་ན།སློབ་གྲྭར་སོང་ནས་བུ་མོ་གཡང་སྐྱིད་ཡུལ་ལ་ཁྲིད་རྒྱུའི་ཐག་བཅད།  "ཨ་ཕ།ང་ཡུལ་ལ་མི་འགྲོ།རིག་སྒྲོལ་ངེད་གཉིས་ཀྱིས་སློབ་ལ་འབད་པ་བྱས་ནས་རྗེས་སུ་སློབ་ཆེན་ལ་རྒྱུགས་སྤྲོད་རྒྱུའི་ཁ་དན་བཞག་ཡོད་"ཅེས་མིག་ཆུ་བཏོན་རུང་།ཨ་ཁུ་བསོད་འཕེལ་གྱིས་ཡིད་སྐྱོ་བའི་ཚུལ་གྱིས་"མོ་བས་ཀྱང་ད་ལོ་ཁྱོད་ལ་ན་ངོ་བབ་འདུག་པས་སློབ་གྲྭ་ལས་ཁྱིམ་དུ་བསྡད་ན་བཟང་གི་ཟེར་"།ལྷིང་འཇགས་ཀྱི་རྨི་ལམ་ལ་འགྲིམས་པའི་བུས་པ་ཞིག་གློ་བུར་སྔངས་སྐྲག་གིས་སད་པ་འདྲ་བའི་རིག་སྒྲོལ་གྱིས་མིག་ཟུང་ཅེ་རེར་བགྲད་དེ་གཡང་སྐྱིད་ཀྱི་འགྲམ་དུ་དོགས་འདྲི་དང་བསམས་གཞིག་གི་ཀློང་ན་ལངས་འདུག་པའི་མོད་ལ་ཅི་ཞིག་དྲན་པ་བཞིན། "ཨ་ཁུ།ཁྱེད་ཀྱིས་དེ་འདྲ་མ་ཟེར་དང་།མོའི་རྩིས་མ་བཟང་རུང་བཅོས་ཐབས་ཡོད་རྒྱུ་རེད།ཨ་ཅེ་གཡང་སྐྱིད་ང་ཚོའི་འཛིན་གྲྭ་ལས་སྦྱངས་འབྲས་བཟང་གྲས་ན་ཡོད་པས་སློབ་གྲྭ་ལས་བུད་དུ་མ་འཇུག་དང་།གཞུག་ཕྱོགས་ཁྱེད་ཀྱི་རེ་བ་སྟོང་ཟད་མི་གཏོང་ཁོ་ཐག་ཡིན། "ཡིག་རྨོངས་ཙམ་དུ་མི་ཐེ་བའི་ཨ་ཁུ་བསམ་འཕེལ་ལོ་ན་ལྔ་བཅུར་བསླེབས་ཀྱང་ཟླ་ཆུའི་རྒྱུན་དང་འགྲོགས་ནས་བཞུར་ཟིན་པའི་ལོ་ཟླ་དེ་དག་ལ།ཁོའི་ཕ་ཡུལ་ན་སློབ་གྲྭ་རིམ་པ་ཁག་འགྲིམས་ཏེ་རང་མགོ་ཐོན་མཁན་ཕལ་ཆེར་མེད་ལ།ཉེ་བའི་ལོ་ཤས་རིང་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱིས་བཅིངས་པས།ནོར་རྫིར་འགྲོ་མི་ཐུབ་པ་དང་དབྱར་རྩྭ་རྐོ་འཚོལ་མི་ཤེས་པའི་འབྲོག་ཕྲུག་རེ་འགའ་སློབ་གྲྭར་བཞག་ཀྱང་།དེ་དག་གིས་ལས་གོ་ཆོད་ཙམ་དུ་སླེབས་སྐབས་རྐྱེན་འདྲ་མིན་སྣ་དགུ་ལ་ཁ་གཡར་ནས་ཕྱིར་ཡུལ་ལ་ཁྲིད་པའི་བག་ཆགས་ཟབ་མོ་ཞིག་རྩྭ་ཐང་འདིར་ཁྱབ་ཡོད་ཅིང་།ཁྱིམ་བདག་དེ་དག་གི་ངག་རྒྱུན་དུ་ལོབ་པའི་སྐད་ཆ་དུམ་བུ་དེ་སླར་ཡང་ཁོའི་ངག་ནས་ཁྲོལ་བྱུང་། "ངེད་ཚང་གི་བུ་རབས་ཚ་རྒྱུད་ལ་ཤེས་རིག་སྦྱངས་ནས་རང་མགོ་ཐོན་མཁན་ཞིག་དང་རྒྱལ་ཁབ་ཀྱི་ལས་བྱེད་པ་ཞིག་སྔོན་ཆད་བྱུང་མ་མྱོང་།ད་ཡང་མི་འབྱུང་ཁོ་ཐག་རེད།ངེད་རྒན་རྒོན་གཉིས་ཀ་ཡང་ལྔ་བཅུས་སྐྱེལ་མ་དང་དྲུག་ཅུས་བསུ་མ་བྱེད་ཡོད་ཀི།མོས་ཆུ་ཐབ་རེ་ལས་རོགས་བྱེད་ན་དེ་དྲིན་རེད་ལ་ངེད་གཉིས་ཀྱི་རེ་བའང་རེད།ད་འགྲོ་རྒྱུ་བྱོས།ངས་ཁྱོད་ཀྱི་འཛིན་བདག་ལ་ཨ་མ་གཟུགས་པོ་བདེ་འི་མེད་ཀི་ཞེས་དགོངས་པ་བླངས་ཡོད།ཉལ་ཆས་རྗེས་སུ་ལེན་སར་ཡོང་ "ཞེས་ཤ་རྩི་སྨུག་ནག་གི་གདོང་དེར་ཅུང་ཁྲོས་ཉམས་རྒྱས་ཏེ་དེ་ལྟར་བཤད་རྗེས་སྔོན་དུ་བུད་སོང་།རིག་སྒྲོལ་གྱིས་མིག་ཆུས་བཀྲུས་པའི་གཡང་སྐྱིད་ཀྱི་མཁུར་ཚོས་དེ་གཉིས་གཙང་ཤོག་གིས་ཇི་ལྟར་ཕྱིས་ཀྱང་།དེ་རུ་ན་གཞོན་བུ་མོ་ཞིག་གི་ཕུགས་བསམ་དང་རེ་སྙེགཡིད་ཆེས་དང་མི་ཚེའི་དམིགས་འདུན་སོགས་གང་མང་ཞིག་སིམ་ཡོད་པས་བཞུར་ཀྱང་ཚར་བའི་དུས་ཞིག་ག་ལ་ཡོད། "ཨ་གསར་ཆེ་བ་སོས་ཀའི་གནམ་ངོ་འདྲ་"ཟེར་བའི་དཔེ་ལྟར་ད་ནངས་ཞོགས་པར་སློབ་གྲྭའི་ཁོར་ཡུག་ཀུན་ཏུ་ཉི་འོད་ཡོངས་སུ་ཁྱབ་མོད།ད་ནི་གཡང་སྐྱིད་ཀྱི་སེམས་ཁམས་ལ་སྡུག་རོགས་བྱེད་པ་བཞིན་ཁ་ཆར་འདྲེས་མའི་ཡོལ་བ་འཐེན་གྱིན་འདུགགཡང་སྐྱིད་ཀྱིས་ཕུ་བོ་ཆུང་དུས་ནས་ཕ་མའི་འདོད་བློ་བཞིན་དགོན་པར་རབ་ཏུ་བྱུང་བར་བཏང་ཡང་དུས་རྒྱུན་མོའི་སློབ་གླིང་གི་འཚོ་བ་ལ་ཡིད་སྨོན་བྱེད་པ་དང་།ཤེས་ཡོན་ལ་འབད་པ་བྱེད་དགོས་པའི་བསླབ་བྱའང་གང་མང་གནང་མྱོང་བ་མ་ཟད་ད་ཐེངས་ཨ་མའི་གཟུགས་གཞི་ཡང་དེ་ཙམ་བདེ་རྒྱུ་མེད་པ་འདྲ་བས།སྔོན་ལ་ཨ་ཕས་གསུངས་པ་ལྟར་ཕྱིར་ཁྱིམ་དུ་ལོག་པ་དང་།རྗེས་སུ་ཕུ་བོ་ཁོང་ཨ་ཕ་སར་ཞུ་བ་བྱེད་དུ་བཏང་ན་འགྲིག་སྙམ་སྟེ་རིག་སྒྲོལ་ལ་འཛུམ་ཞིག་སྟོན་བཞིན་"དེ་རིང་ང་ཁྱིམ་དུ་ལོག་འགྲོ།འོན་ཀྱང་ཕྱིར་འོང་ངེས་ཡིན་པས་ཁྱོད་ཀྱིས་སེམས་ཁྲལ་མི་བྱེད་པར་སློབ་ལ་བརྩོན་པ་བྱོས་ཨཱ"ཞེས་བཤད་ཞོར་ཨ་ཁུ་བསོད་འཕེལ་གྱི་རྗེས་བསྙེགས་སོང་།ཡིད་ཕངས་པ་ཞིག་ལ་གཡང་སྐྱིད་ཀྱི་འཛུམ་མདངས་དེ་ནི་སློབ་གླིང་འདི་ལ་བཞག་པའི་ཆེས་མཐའ་མཇུག་གི་འཛུམ་མདངས་ཡིན་པ་སུ་ཡིས་རྟོགས།

ལོ་དེའི་དབྱར་ཁར་གཡང་སྐྱིད་ཀྱིས་ཕྱིར་སློབ་གླིང་ལ་ལོག་ཐུབ་པའི་སྐལ་བ་ཞིག་ལྡན་ཆེད།ཤི་འཐམ་རོ་འཐམ་དང་ཤ་ཟད་རུས་པ་ལ་ཐུག་ཀྱང་ཞོགས་སྐྱ་རེངས་ཀྱི་འོད་མདངས་དང་དགོང་མཚམས་སྤྲིན་གྱི་ཕྱིར་མིག་ལ་འགྲོགས་ཏེ་དབྱར་རྩྭ་དགུན་འབུ་སོགས་སྒོར་མོ་དང་བརྗེ་རེས་རྒྱག་ཆོག་པའི་རྩྭ་སྨན་རིགས་སྣ་ཚོགས་བརྐོས་པས་སྒོར་ཁྲི་དྲུག་ལྷག་གིས་ཨ་ཁུ་བསམ་འཕེལ་གྱི་སྒོར་ཁུག་གང་བར་བྱས།ཁོ་ལ་མཚོན་ན་དེ་དག་གིས་འབྲི་མོ་རྡང་ཐག་གང་ཉོ་ཆོག་ལ་ཆུང་མའི་སྐེ་རྒྱན་ཁྲོད་དུ་བྱུ་རུ་རྡོག་པོ་རེ་གཉིས་ཀྱང་ཇེ་མང་དུ་གཏང་ཆོག་པས་དགའ་སྤྲོའི་ངང་སང་ལོ་ཡང་འདི་འདྲ་ཞིག་འཐོབ་ན་སྙམ་པའི་ཧམ་སེམས་ཤིག་ལས།བུ་བསོད་ནམས་སྟོབས་ལྡན་ལ་ཁས་བླངས་པའི་སྟོན་མཚེར་སྤར་རྗེས་གཡང་སྐྱིད་ཡང་བསྐྱར་སློབ་གྲྭར་སྐྱེལ་རྒྱུའི་ཁ་དན་སྔ་མོ་ནས་བརྗེད།དེ་ལྟར་ལོ་ངོ་གཉིས་ཙམ་གྱི་རྗེས་སུ་ཡོང་ཁུངས་མི་གསལ་བའི་མག་པ་ཞིག་ཀྱང་བཞག་སོང་།ལྷས་རའི་འབྲི་མོས་ངུར་སྒྲ་དངལྷན་དུ་བྱིས་པ་ཞིག་གིས་"ཨ་མ་ཨ་མ་"ཞེས་འབོད་བཞིན་འདུགགཡང་སྐྱིད་གློ་བུར་དུ་གཉིད་ལས་སད་པ་ལྟར་ལག་གི་ཁ་པར་མྱུར་མོར་སྨད་ཤམ་གྱི་གློ་ཁུག་ཏུ་བཅུག་ནས། "ཨོ།ཨ་མའི་ཞི་ལུ་ཐོན་བཏང་ནས། ""ཡིན།ཨ་མ།ངས་དགོང་འབྲི་རྡང་ལ་བཏགས་ཚར།འུ་གཉིས་བཞོ་སར་འགྲོ་ཨེ་རེད"ཅེས་ཁྲ་རིག་རིག་གི་མིག་ཟུང་དང་ཤིང་ཏོག་ཁ་སུར་ལས་དམར་མདངས་ཆགས་པའི་ངོ་གདོང་ཆུང་ཆུང་དེ་མོའི་ཕྱོགས་སུ་ཅི་ཞིག་ལ་རེ་སྒུག་བྱེད་པ་བཞིན་གཏད་ནས་འདུགམཚམས་དེར་གཡང་སྐྱིད་ཀྱི་སེམས་ནས་མ་སྐུལ་རང་འགུལ་གྱིས་ཁོག་པའི་སྙིང་དང་དཔྲལ་བའི་མིག་ལྟར་དུ་གྱུར་པའི་གཅེས་ཕྲུག་ཁོ།མོའི་མི་ཚེའི་ལམ་དེར་ཞུགས་མི་དགོས་པར་ཤེས་བྱའི་ལམ་ཆེན་ཞིག་ལ་བགྲོད་པར་བགེགས་བར་ཆད་མེད་པའི་སྨོན་ལམ་ཞིག་འདེབས་པར་བརྩམས།

    མཚམས་སྤྲིན་གྱིས་ནུབ་མཐའ་བརྒྱན་ཞིང་མུན་པས་རིམ་བཞིན་ལྷས་ར་བསྒྲིབས་ཀྱང་།འབྲི་བརྒྱའི་རྡང་མཐའ་ན་ཆུ་མིག་དགུ་མདུད་ཀྱི་སོ་ལ་སྐེད་ན་བརྫངས་བའི་གཡང་སྐྱིད་ད་དུང་ཐུལ་མ་རོག་རོག་ཅིག་གི་ལྟོ་བར་མགོ་བོ་སྔས་ཏེ་ཤག་ཤག་གི་སྒྲ་ཡིས་འོ་མ་འཇོ་བཞིན་འདུགཟད་མཐའ་མེད་པའི་ཤག་སྒྲ་འདི་ནི་གཡང་སྐྱིད་ཀྱི་མི་ཚེའི་སྐྱོ་གླུ་རུ་སྣང་ལ་རྩྭ་ཐང་གི་གཅེས་ཕྲུག་གང་མང་ཞིག་ལང་ཚོའི་སྟངས་སྟབས་འཐིམ་པའི་རོལ་དབྱངས་ཤིག་ཀྱང་ཡིན་ནོ༎


  • ལེ་ཚན་སྔོན་མ།:རྐང་འོག་ཏུ་ལྷུང་བའི་སྒོར་མོ།༣
  • ལེ་ཚན་རྗེས་མ།: དུས་ཀྱི་དགུན་དང་སེམས་ཀྱི་དགུན།
  • རྩོམ་གསར། 10