ཕ་ཡིས་བུ་ལ་ཕ་སྐད་སློབ་པའི་བརྒྱུད་རིམ།

འབའ་བ་བློ་བཟང་མགོན་པོ། (དཀར་མཛེས)        2018-01-22

     ཕྲན་ནི་ཁམས་འབའ་ཐང་བཙལ་བ་ཞེས་པའི་གྲོང་སྡེ་ཞིག་ལ་སྐྱེས། གྲོང་སྡེ་དེའི་ནང་ལ་བོད་སྐད་མ་གཏོགས་རྒྱ་སྐད་བཤད་མཁན་ཧ་ཅང་ཉུང་། ངའི་ཡབ་ཡུམ་གཉིས་ཀྱིས་དཀའ་ངལ་ལ་མ་འཛེམས་ནས་ཁོ་བོ་སློབ་གྲྭར་སློབ་གཉེར་བྱེད་དུ་བཅུག ང་རང་གིས་སློབ་སྦྱོང་ལ་ཧུར་བརྩོན་དང་འབད་པ་བྱས་ནས་སྦྱངས་འབྲས་གཡུར་དུ་ཟ་བ་ཞིག་ཐོབ་སྟེ་ཕུགས་བསམ་དེ་ཡང་གྲུབ་སོང་། ཆུང་དུས་སུ་ང་རང་གིས་སློབ་གྲྭ་ཆེན་མོ་ལ་སློབ་སྦྱོང་བྱེད་རྒྱུ་ནི་ཧ་ཅང་འགྲུབ་དཀའ་བའི་ལས་ཤིག་ཏུ་བསམས་མོད། ལྷག་བསམ་ཅན་དང་དགེ་སྒྲུབ་ལས་ལ་བརྩོན་པའི་མི་ཁ་ཤས་ཀྱིས་ང་ལ་སློབ་གྲྭ་ཆེན་མོ་ལ་སློབ་སྦྱོང་བྱེད་རྒྱུའི་གོ་སྐབས་ལེགས་པོ་ཞིག་བསྐྲུན་པར་མ་ཟད་སློབ་ཡོན་ཡང་ཁོ་ཚོས་རོགས་སྐྱོར་གནང་བས་བདེ་ལེགས་ངང་ནས་སློབ་མཐར་ཕྱིན་སོང་། སློབ་མཐར་ཕྱིན་རྗེས་དར་མདོ་ལ་བུ་མོ་ཡིད་དབང་འཕྲོག་པ་ཞིག་དང་འཕྲད་དེ་ལོ་གཅིག་ཙམ་ཕན་ཚུན་རྒྱུས་ལོན་བྱས་རྗེས་གཉེན་ལམ་བསྒྲིགས་པ་ཡིན།

     མོ་རང་གི་ཕ་ཡུལ་ནི་དར་མདོ་གཡག་རྭ་ལུང་པ་རེད། ཁོ་མོའི་ཁྱིམ་མི་ཚང་མ་བོད་པ་ཡིན་ཡང་བོད་སྐད་བཤད་ཤེས་མཁན་གཅིག་ཀྱང་མི་འདུག དེ་དུས་ངའི་སེམས་ནང་གི་ཁུར་པོ་ལྗིད་ཆེ་བ་དེ་ནི་མ་འོངས་པའི་ཕྲུ་གུ་རྣམས་ལ་བོད་སྐད་སློབ་རྒྱུ་དེ་རེད། ལས་ཀའི་དབང་གིས་ང་རང་ནམ་རྒྱུན་ཁྱིམ་ནང་བསྡད་རྒྱུའི་དུས་ཚོད་མང་པོ་མེད་པས་ཕྲུ་གུ་ཚོ་དང་མཉམ་དུ་ཁ་བརྡ་བྱེད་རྒྱུའི་གོ་སྐབས་ཤིན་ཏུ་དཀོན།

      ཉིས་སྟོང་བརྒྱད་ལོའི་ཟླ་བ་བཞི་པར་བཟའ་ཟླ་ལ་བུ་ཞིག་སྐྱེས། སྐྱེས་ཆེན་དམ་པ་ཞིག་གིས་བུ་ལ་ཐུབ་བསྟན་སྦྱིན་པ་ཞེས་པའི་མིང་ཞིག་གནང་།  ཐུབ་བསྟན་སྦྱིན་པ་ལོ་གསུམ་ལ་མ་སོན་སྔོན་དར་མདོ་ལ་བཞག་པས་རྒྱ་སྐད་མ་གཏོགས་བོད་སྐད་ཚིག་གཅིག་ཀྱང་མི་ཤེས། དེ་རྗེས། ང་རང་ལ་ཁོམ་པ་ཡོད་དུས་དར་མདོ་ལ་སོང་ནས་བུ་དང་མཉམ་དུ་བསྡད་པ་དང་། དེའི་རིང་ལ་ཁོ་ལ་བོད་སྐད་མ་གཏོགས་རྒྱ་སྐད་གཏན་ནས་བཤད་མེད། འོན་ཀྱང་། འབྲས་བུ་ཆེན་པོ་མ་ཐོབ། སྐད་ཡིག་ཅིག་སྦྱོང་དགོས་ན་ངེས་པར་དུ་ཁོར་ཡུག་ཡག་པོ་ཞིག་དགོས་ཞེས་པ་དེ་ནི་དངོས་གནས་རེད་འདུག།

       ལོ་གསུམ་གྱི་རྗེས་སུ་ང་དང་རྒས་མོ་གཉིས་ཀས་ལི་ཐང་ལ་ལས་ཀ་རྙེད་སོང་། བུ་ཡང་ངེད་གཉིས་དང་མཉམ་དུ་ལི་ཐང་ལ་ཁྲིད་པ་ཡིན། ངེད་གཉིས་ཀྱི་ཁྱིམ་མཚེས་ཚང་མ་ལས་བྱེད་པ་ཡིན་པས་བོད་སྐད་བཤད་མཁན་ཧ་ཅང་ཉུང་། དེ་འདྲའི་ཁོར་ཡུག་ནང་ལ་ངས་བུ་ལ་བོད་སྐད་ཅི་འདྲ་བཤད་ཀྱང་བུས་ཚུར་ལ་རྒྱ་སྐད་མ་གཏོགས་མི་བཤད།

       ཉིན་ཞིག་ལ་ངའི་ཨ་ཕ་ལི་ཐང་ལ་སླེབས་བྱུང་། ངས་ཁོང་ལ་ངེས་པར་དུ་བུ་ཕ་ཡུལ་འབའ་ཐང་ལ་འཁྲིད་རོགས་ཞུས་པས་ཨ་ཕ་ཡུལ་ལ་ལོག་དུས་བུ་ཡང་ཁྲིད་སོང་། བུ་སོང་ཚར་རྗེས་རྒས་མོ་སེམས་སྡུག་སྟེ་ཁྱིམ་ལ་བསྡད་ནས་ངུས་པས་གྲོགས་པོ་གྲོགས་མོ་ཁ་ཤས་ཡོང་ནས་མོ་ལ་ཡང་ནས་ཡང་དུ་སེམས་གསོ་བྱས།

      ངའི་བུ་འབའ་ཐང་ལ་ཟླ་བ་གཉིས་ཙམ་བསྡད་རྗེས་བོད་སྐད་ཧ་ཅང་ཡག་པོ་བཤད་ཤེས་འདུག ང་རང་གིས་ཀྱང་མུ་མཐུད་དུ་ཁོ་ལ་བོད་སྐད་བཤད་པས་རིམ་བཞིན་དུ་ཁོ་ལ་གོམས་གཤིས་ཧ་ཅང་ཡག་པོ་ཞིག་ཆགས་ཡོད་དེ། ང་ལ་བོད་སྐད་དང་ཁོའི་ཨ་མ་ལ་རྒྱ་སྐད་བཤད། དེ་ལྟར་བུས་བོད་སྐད་མི་བརྗེད་པའི་ཆེད་དུ་ངས་བུ་དང་མཉམ་དུ་འདུག་པའི་དུས་ཚོད་མང་ཙམ་བཀོད་སྒྲིག་བྱས་པ་ཡིན། ལྷག་པར་དུ་གཟའ་མཇུག་ལ་བུ་ཁྲིད་ནས་རྫོང་གི་གཡས་གཡོན་གྱི་གྲོང་སྡེ་དང་རི་ལ་འཛེགས་ནས་བོད་སྐད་བསླབས་པ་ཡིན། རྗེས་མར་བུས་བོད་སྐད་གཙང་མ་ཞིག་བཤད་ཤེས་སོང་། དཔེར་ན། ཁ་པར། བརྙན་འཕྲིན། རྒྱང་འཛིན་སོགས་དེང་རབས་ཀྱི་ཅ་ལག་ཚང་མར་བོད་མིང་བཏགས་ཤེས།

     ཟླ་བ་གཉིས་ཀྱི་སྔོན་ལ་ངའི་ཨ་མ་ལི་ཐང་ལ་སླེབས་བྱུང་། དགའ་དགོས་པ་ཞིག་ནི་ངའི་ཨ་མ་དང་བུ་གཉིས་ཀྱིས་ཕན་ཚུན་བར་བོད་སྐད་ཀྱིས་ཁ་བརྡ་བྱེད་ཐུབ་པར་མ་ཟད། ངའི་རྒས་མོས་ཀྱང་བོད་སྐད་ཡག་པོ་ཤེས་འདུག

     ཉིན་ཞིག་ཞོགས་པར། ངའི་བུ་ཉལ་ཁྲི་ཐོག་ཏུ་ཡར་ལངས་ནས་ཁོ་རང་གི་རྨོ་མོ་ལ།  རྨོ་མོ། རྨོ་མོ། ངའི་ཀོ་ལྷམ་ཚུར་སྤྲད་རོགས་ཞེས་ཟེར། ངའི་ཨ་མས་ཀོ་ལྷམ་ཞེས་པ་དེ་ཅི་ཡིན་མ་གོ་བས་བུ་ལ་དྲིས་དུས་བུས་ཀོ་ལྷམ་ཞེས་པ་དེ་རྒྱ་སྐད་དུ་ཕིག་བྱེས་(皮鞋)ཞེས་པ་དེ་རེད་ཟེར། ཡང་ཉིན་ཞིག་ལ་བུས་བརྙན་འཕྲིན་བལྟ་དགོས་བསམས་ནས་རྒྱང་འཛིན་བཙལ་ཡང་མ་རྙེད་པས་རྨོ་མོ།  རྨོ་མོ། རྒྱང་འཛིན་ཨེ་རིག་ཅེས་དྲིས་དུས། རྒྱང་འཛིན་རང་གི་མདུན་ལ་ཡོད་ཀྱང་། རྨོ་མོས་རྒྱང་འཛིན་ཞེས་པ་ཅི་ཡིན་མ་ཤེས་པས་བུས་རྒྱང་འཛིན་ཞེས་པ་དེ་རྒྱ་སྐད་ཐོག་ལ་ཡའོ་ཁོང་(遥控)ཟེར་བ་རེད་ཅེས་སློབ་ཀྱིན་འདུག

     ངའི་བུ་ནམ་རྒྱུན་འགུལ་རིས་ལ་བལྟ་རྒྱུ་ཧ་ཅང་དགའ། ཁོས་དུས་རྒྱུན་འགུལ་རིས་གློག་བརྙན་དུ་ཡོད་པའི་རྒྱ་ཡིག་གི་ཐ་སྙད་མང་པོ་ལ་བོད་མིང་གིས་ཇི་ལྟར་འབོད་དགོས་ཚུལ་ང་ལ་དྲིས། འོན་ཀྱང་། ངས་བོད་སྐད་ཐོག་ནས་དེ་ཚོར་ཅི་ཟེར་དགོས་མིན་མི་ཤེས་པས་ཚིག་མཛོད་ནང་དུ་བཙལ་ཡང་ཐ་སྙད་དེ་ཚོ་བོད་ཡིག་ཐོག་ཏུ་བསྒྱུར་མི་འདུག དེ་ནི་ཕ་བུ་གཉིས་ཀྱིས་བོད་སྐད་གཙང་མ་སྦྱོང་དུས་ཀྱི་དཀའ་ངལ་ཆེ་ཤོས་ཤིག་རེད།

     མདོར་ན་རང་གི་ཕྲུ་གུ་ལ་སྐད་ཡིག་ཡག་པོ་ཞིག་སྦྱོང་འཇུག་འདོད་ན་ངེས་པར་དུ་ཁོ་ཚོར་ཁོར་ཡུག་ཡག་པོ་ཞིག་བསྐྲུན་དགོས། རྒྱ་ཡིག་དང་བོད་ཡིག དབྱིན་ཡིག་གང་སྦྱོང་ཡང་ཕ་མ་ཚོའི་ཕྲག་ཏུ་བབས་པའི་འོས་འགན་དེ་ངེས་པར་དུ་ནན་ཏན་གྱི་སྒོ་ནས་འགན་འཁུར་དགོས་པ་ནི་གནད་ཀྱི་དམ་པའོ།། །།


  • ལེ་ཚན་སྔོན་མ།:འཕྲོད་བསྟེན་ལ་སྔར་ལས་ལྡབ་འགྱུར་གྱིས་གཟབ་དགོས།
  • ལེ་ཚན་རྗེས་མ།:གེ་སར་རྒྱལ་པོ།