ལྕི་འཐུ་བུ་མོ།

སྟག་རིག་འབྲུག་ཐར། (མཚོ་ལྷོ)        2018-01-22

དཔེ་ཁུག་ཇི་བཞིན་རྒྱབ་ན་མཛེས་པ་དེ་སླེ་བོ་ཡིན་ནམ།

མེ་ཏོག་ཇི་བཞིན་ལྷུག་གེར་བཞད་པ་དེ་འཛུམ་མདངས་ཡིན་ནམ།

ལྕི་འཐུ་བུ་མོ།

ལ་ལུང་རྡོག་པས་གནོན་དུས།

ལྕགས་ཚེབ་ཁུད་དུ་སླེ་བོ་རུ་སྒྲུག་པའི།

གསེར་རྡོག་ལྟ་བུའི་ལྕི་བ་རེ་རེ།

འཚོ་བའི་མདངས་ལ་བརྒྱུས་པའི་ཁ་དོག་ཨེ་ཡིན།

གྲང་ངར་ལྟ་བུའི་མུན་པ་སླེབས་ཀྱང་།

ལག་ལ་མར་མེ་ཐོགས་པ་བཞིན་ཞེད་སྣང་སྤུ་ཙམ་ཡང་མེད།

སེམས་པའི་སྐྱོ་སྡུག་སངས་པ་བཞིན།

འོད་སྣང་ཞིག་སླེ་བོ་རུ་བཞད་འདུག

 

སྐྱ་རེངས་དང་མཉམ་དུ་རི་སུལ་རྫ་ལུང་ལ་བྱེར་དུས།

སྤང་ཐང་གི་མེ་ཏོག་ལྕི་འཐུ་བུ་མོའི་རྩེད་རོགས་ཡིན།

རི་བྱིའུ་ཚོའི་གླུ་སྐད་ལྕི་འཐུ་བུ་མོའི་སྡོངས་གྲོགས་ཡིན།

ཉི་མའི་འོད་ཐིག་དང་སྤྲིན་དཀར་གྱི་ཕྱག་ཟུང་།

ཁྱེད་ལ་ཕྱོགས་པའི་སྤྲོ་འཛུམ་གྱི་བསུ་མ་ཡིན།

ད་དུང་རྩྭ་ཕྲན་གྱིས་དཀྲོལ་བའི་སྒྲ་དབྱངས་ཕྲན་བུ་དེའང་།

ཁྱེད་ཀྱི་བྱས་ལས་ལ་ཡི་རང་མཛད་པའི་རམ་བུའོ།།

 

ཨ་ཁུ་ཉི་མས་བསང་མེ་གསོ་སྤྱད།

ཨ་ནེ་སྒྲོལ་མས་འོ་ཇ་བསྐོལ་སྤྱད།

བུ་ཆུང་དོན་གྲུབ་ཀྱིས་ལག་པ་སྲོ་སྤྱད།

དུང་དཀར་གཡས་སུ་འཁྱིལ་འདྲའི།

གོར་གོར་ཀ་ཏོ་ར་ལྟ་བུའི།

ལྕི་བོ་གོར་མོའོ།།

 

རང་ལུས་ཕངས་མེད་དུ་ཟད་དུས།

བར་སྣང་དུ་དཀྲིགས་པའི།

དུ་བའི་གཡུ་འབྲུག་འཁྱུག་པའི་འགྱུ་བ་དེ།

རང་དབང་གི་གདམ་གར་འཁྲིལ་བའི་རྒྱལ་མཚན་ནོ།།

 

སོ་ཕག་གི་སྡོད་ཁང་ལ་སྤར་རྗེས།

སྒོ་ཕྱུགས་ཀྱི་གྲངས་འབོར་ལ་འགྱུར་ལྡོག་ཤོར་ནས།

འཚོ་བའི་ཉིན་སྲིབ་ལ་གྲང་ལྷགས་འཕྱན་དུས།

སྔོ་ལིང་ལིང་གི་དུ་བ་སློང་མཁན་དེ་སུ་ཡིན།

སྡོད་ཁང་ཁྲ་ཁྲའི་ཕྱི་ནང་དུ།

གཡང་ཟོག་གི་ངུར་སྒྲ་ཆད་ནས།

སླེ་བོ་གོར་མོ་གནའ་རྫས་སུ་འདེད་དུས།

ལྕི་འཐུ་བུ་མོ་ནི་སུ་ཚང་གི་ཤུལ་སྲུང་ཡིན།

 

ཨོང་བའི་ཚབ་ལ་རྡོ་སོལ་དང་སོལ་རླངས་དར་ནས།

གློག་དེམ་དང་གློག་རྫ་སྤྱོད་དུས།

མེས་པོའི་རྒྱུན་ཐག་ལ་འཇུས་པའི།

རེ་བའི་མེ་ཁ་གསོ་མཁན་དེ་སུ་ཡིན།

ལྕི་འཐུ་བུ་མོ།

ཁོ་ཚོས།  ནམ་ཡང་རླུང་བུའི་རྒྱུ་ཕྱོགས་ལ་བསམ་གཞིག་བགྱིད་མི་ཤེས།

ཁོ་ཚོས།  ནམ་ཡང་མེ་ལྕེའི་འུར་སྒྲ་ལ་རྣ་བ་གཡོར་མི་ཤེས།


  • ལེ་ཚན་སྔོན་མ།:ཕྱིར་དྲན།
  • ལེ་ཚན་རྗེས་མ།: ཕེབས་ཟིན་པའི་དབྱར་དུས།