ཕྱིར་དྲན།

རེ་སྙན་དབྱངས། (ལི་ཐང་།)        2018-01-22

འདས་ཟིན་པ་ནི་ཐོགས་རེག་མེད་པའི་བྱ་དངོས་གང་སྟེ།

ལོ་ཟླའི་གཙང་བོས་ཕྱིར་དྲན་བཅུན་ནས་ལྷུང་ལྷུང་འབབ།

 

མུན་པའི་རླབས་ངོགས་སུ།

ལོ་ཟླའི་གཉེར་རིས་སྣ་མང་ཅན་དུ་མངོན།

གཙང་པོའི་འཇིངས་ལ་ནུབ་པའི་ཀོ་གྲུ་དག

སེམས་པའི་གས་སྲུབས་བར་ན་རླབས་རིས་བཞིན།

 

སྡོང་ལོས་སྤུར་བའི་བསིལ་རླུང་གི་ངུ་སྐད་ཀྱིས།

སྨག་ལ་འཐིམས་པ་ཡོད་ཚད་ཕྱི་རུ་ཕྱུང་སྟེ།

ཁྲ་ཁྲ་རིག་རིག་གི་འཇིག་རྟེན་ཞིག་བཞེངས་མོད་ཀྱང་།

ལོ་དང་ཟླ་བ་བཞུར་ཤུལ་གྱི་མེ་ལོང་ངོས་སུ།

ཟླ་བའི་འོད་ལ་འཁྱུད་པའི་མིག་ཟུང་དེ་ནི།

མཁུར་མགོ་ན་འཛག་བཞིན་པའི་མཆི་མ་འདི་ཚོའི།

ཆེས་མཐའ་མཇུག་གི་གནས་མལ་དེའོ།

 

འདས་དོན་དག་ཆང་ལ་སྤོག་ཆོག་ན།

ང་རང་སྔ་མོ་ནས་ར་བཟི་ཡོད་ངེས་ཏེ།

གང་དང་སུ་ཡི་དོན་དུའང་མིན་པར།

བོར་ཟིན་པའི་དག་གཙང་གི་རང་ཉིད་འཚོལ་འདོད་པས་སོ།།


  • ལེ་ཚན་སྔོན་མ།: རྩྭ་ལོ།
  • ལེ་ཚན་རྗེས་མ།: ལྕི་འཐུ་བུ་མོ།