དགའ་གཅེས་སློབ་གསོ།

སྐལ་བཟང་ཐུབ་བསྟན་གྱིས་བསྒྱུར།        2018-01-15

ལེའུ་གསུམ་པ།  ཟླ་བ་བཅུ་གཉིས་པ།

ཚོང་པ་ཆུང་ཆུང་ཁ་ལའོ་ཧྥེ།

   སློབ་གྲོགས་ཁྱིམ་དུ་འཆམ་ས་ཁྲིད་པ་དེ་ནི་ཕན་ཚུན་གྱི་མཛའ་བརྩེ་ཇེ་མཐུན་དུ་འགྲོ་རེ་ཡོད་པས།  དེ་རིང་ནི་གཟའ་ཉི་མ་རེད།  ངས་རྩག་རྩིག་ཚོང་ཁང་ཚང་གི་བུ་ཁ་ལའོ་ཧྥེ་མགྲོན་པོར་ཁྲིད་པ་ཡིན།

   ཁ་ལའོ་ཧྥེ་ནི་ཐུན་མིན་ཁྱད་ཆོས་ལྡན་པའི་བུ་ཆུང་ཞིག་ཡིན།  ཁོའི་སྤྱང་གྲུང་འཛོམས་པའི་མིག་ཟུང་དུས་ནང་ཡང་ཚུར་འཁོར་ཕར་འཁོར་བྱེད་བཞིན་ཡོད།  ཁོའི་ཁུག་མའི་ནང་དུ་ག་དུས་ཡིན་ནའང་དངུལ་ཡོད་པ་རེད།  ཁོའི་དགའ་ཞེན་ཆེས་ཆེ་བ་ནི་དངུལ་དེ་ཚོ་རྒྱུན་མི་ཆད་པར་རྩི་བ་དེ་ཡིན།  སྒྲོ་མ་བཏགས་ནས་བཤད་པ་ཡིན་ན།  ཁོའི་དངུལ་རྩི་བའི་ཡོན་ཏན་ཨང་དང་པོ་ཡིན་ཞིང་ཁོག་རྩིས་རྒྱག་པའི་མྱུར་ཚད་ནི་སུས་ཀྱང་འགྲན་ཐུབ་ཀྱིན་མེད།  ཁྱོད་ཀྱིས་གྲངས་ཀ་ཞིག་འདོན་པ་ཡིན་ན་ཁོས་དེ་མ་ཐག་དྲིས་ལན་འཁྲུལ་མེད་ཅིག་སྟེར་ཐུབ་ཀྱི་རེད།  ཁ་ལའོ་ཧྥེ་ང་ཚོ་ལས་ཕྱུག་པོ་ཡིན་ནའང་དངུལ་གང་མོས་སྐར་མ་གང་ཡང་སྤྱོད་སྲིད་ཀྱི་མ་རེད།  གལ་སྲིད་ཟངས་ཊམ་གཅིག་བོར་བ་ཡིན་ཡང་ཁོས་དེ་མ་ཐག་ཧ་གོ་བ་དང་།   དེའི་རྗེས་གཟའ་འཁོར་གཅིག་གི་དུས་ཡུན་ལ་དཀའ་ལས་བརྒྱབ་ནས་བཙལ་ཏེ་རང་ནོར་རང་ལག་ཏུ་མ་ཐོབ་བར་དུ་མི་བཞག་པ་རེད།

   དུས་ཡུན་མང་པོར་ཁ་ལའོ་ཧྥེ་ནི་སྣོམ་བྱེད་སྐྱེན་པའི་ཤ་ཁྱི་ཆུང་ཆུང་ཞིག་དང་འདྲ་བར་ཕྱོགས་བཞིར་སྨྱུག་མགོ་རྙིང་པ་དང་།  བཅུར་འཛེར།  ཡང་ལའི་མགོ  ཡང་ན་སྦྲག་འཛིན་རྙིང་པ་ལ་སོགས་པའི་དངོས་པོ་རྩག་རྩིག་བཙལ་ནས་གཅིག་ཀྱང་མ་ལུས་པ་རང་གི་ཁུག་མའི་ནང་དུ་བླུགས་པ་རེད།

   ཁ་ལའོ་ཧྥེ་སྤྱང་གྲུང་ལྡན་པས་ཅ་ལག་རྙིང་པ་ཚོ་རིན་ཐང་ལྡན་པར་བཟོ་བར་ཐབས་ཤེས་མཁས་པོ་ཡིན།  ཁོས་འཛམ་གླིང་ས་ཆ་སོ་སོའི་སྦྲག་འཛིན་རྙིང་པ་བརྒྱ་ཕྲག་ཁ་ཤས་བསྡུས་གསོག་བྱས་ནས་དེབ་ཆེན་པོ་ཞིག་གི་ནང་དུ་གྲ་འགྲིག་པོ་སྦྱར་ཞིང་།  ཡིད་ཆེས་ཆེན་པོས་ངས་དེབ་འདིའི་གང་བསྡུས་རྗེས་དཔེ་ཚོང་ཁང་གི་ཚོང་བདག་ལ་བཙོང་བ་ཡིན་ན་ཟངས་ཊམ་ཁ་ཤས་བརྗེ་ཐུབ་ཀྱི་རེད་ཅེས་བཤད།  དཔེ་ཚོང་ཁང་གི་ཚོང་བདག་གིས་ཁ་ལའོ་ཧྥེ་ཧ་ཅང་དགའ་ཞིང་ནམ་རྒྱུན་ཁོ་ལ་སྦྱོང་དེབ་ཁ་ཤས་སྤྲད་ཀྱི་ཡོད།  ངས་ཡིད་སྨོན་འཆོར་བའི་མདུན་དུ་ཁ་ལའོ་ཧྥེས་ཇི་མི་སྙམ་པ་ལྟར་ཁོས་ང་ལ་བཀའ་དྲིན་ལོས་འཇལ་དགོས། ངས་ཁོར་ཉོ་མཁན་མང་པོ་ཁྲིད་སོང་བ་ཡིན་ཞེས་བཤད།

 སློབ་གྲྭར་ཞུགས་རྗེས་ཁ་ལའོ་ཧྥེས་ད་དུང་ཐབས་བྱས་ནས་ཚོང་ལམ་རྙེད་སྲིད་པ་དང་།  ཁོས་རང་ཉིད་ཀྱིས་ཉོས་ཡོང་བའི་དངོས་པོ་རྩག་རྩིག་གི་རིན་གོང་སྤར་ནས་སློབ་གྲོགས་གཞན་དག་ལ་བཙོང་ཞིང་མི་ཁོམ་མི་ཆོག་བྱས་པ་རེད།  སྐབས་འགར་ཁོས་རྒྱན་འཛིན་བཀྲམ་ནས་བྱ་དགའ་ཡོད་པའི་རྩེད་མོ་སྒྲིག་འགོད་བྱེད་པ་དང་།  ཡང་ན་དངོས་པོས་དངོས་པོ་བརྗེས་ནས་ཚོང་རྒྱག་པའི་དགའ་བ་ཉམས་སུ་མྱོང་སྲིད།  དགེ་རྒན་གྱིས་ཀྱང་ཁ་ལའོ་ཧྥེ་ནི་ལྷན་སྐྱེས་ཀྱི་ཚོང་པ་ཞིག་ཡིན་པ་དང་།  ག་དུས་ཡིན་ནའང་ཁེ་ཁ་ཐོབ་མཁན་ཡིན་པ་ཁས་མི་ལེན་ཐབས་མེད་རེད།   ཁ་ལའོ་ཧྥེས་དུས་རྒྱུན་དེབ་ཆུང་ཞིག་འཁུར་རྒྱུ་དགའ་ཞིང་དེའི་ནང་དུ་ཚོང་གཉེར་བྱེད་པའི་རྣམ་གྲངས་རེ་རེ་བཞིན་དང་།  རྩིས་ཁྲ་སྣ་མིན་སྣ་ཚོགས་བཅས་ཐོ་འགོད་ཞིབ་ཚགས་བྱས་ཡོད་པ་རེད།

   སློབ་ཁྲིད་བྱེད་པའི་ཚེ་ཁ་ལའོ་ཧྥེས་དགའ་ཆེ་བ་ནི་རྩིས་རིགས་ཡིན།  ཁོས་དགེ་རྒན་གྱིས་བཤད་པའི་ཐབས་ཤེས་ཚང་མ་ཁ་གསལ་ཞིང་བརྟན་པོར་བྱང་ཆུབ་པར་བྱེད་ཐུབ།  དེ་མིན་སློབ་ཚན་རྣམས་ཁྲལ་སེལ་ཙམ་བྱེད་ཐུབ་ན་ཁོས་དཀའ་ངལ་སྣོན་མ་སྐར་མ་གང་ཡང་རྒྱག་འདོད་མེད་པ་རེད།

   དེ་རིང་། ང་དང་ཁ་ལའོ་ཧྥེ་ཁྱིམ་དུ་ཉོ་འཚོང་རྒྱག་པའི་རྩེད་མོ་རྩེ་བ་ཡིན།  ཁྱོད་བདེན་མི་བཟུང་ནའང་ཐང་། ཁོས་ཅ་ལག་ཚང་མའི་རིན་གོང་ལ་ཆ་རྒྱུས་ཡོད་ཅིང་རྒྱ་རྡོ་དང་རྒྱ་མིག་ཧ་གོ་བས་ཉམས་མྱོང་ཕུན་སུམ་ཚོགས་པར་ལྡན་པའི་ཚོང་བདག་ཆུང་ཆུང་ཞིག་རང་རེད།

ཁོས་ཡག་ཅིང་མྱུར་བའི་སྒོ་ནས་མདོང་སྒོར་དབྱིབས་ཀྱི་ཤོག་ཁུག་བཟོས་ནས་གུས་བཀུར་ལྡན་པའི་རྣམ་འགྱུར་གྱིས་ཉོ་མཁན་ཚོའི་ལག་ཏུ་སྤྲོད་ཐུབ།  ང་རང་ཧ་ལས་ནས་ཁོ་ལ།  ཧེ།  ཁྱོད་རང་ཚོང་ཁང་དཀྱུས་མའི་ལག་གཡོག་ཚོ་ལས་ཀྱང་མཁས་ཀྱི་འདུག་གོ་ཞེས་བསྟོད་བསྔགས་བྱེད་པའི་ཚེ།  ཁོས་ཅུང་དོགས་མི་བདེ་བའི་ངང་དགོད་མོ་ཤོར་ནས་འབྱུང་འགྱུར་ངས་ཚོང་ཁང་གསར་པ་གསར་རྐྱང་ཞིག་བཙུགས་ནས་ཉོ་མཁན་ཚོ་ལ་ཆེས་མང་ཞིང་བཟང་བའི་ཞབས་ཞུ་བྱས་ཏེ་ཁོ་ཚོ་བསླེབས་ཕྱིན་འགྲོ་མ་བྲ་བར་ཅ་ལག་མང་པོ་ཉོ་རུ་འཇུག་རྒྱུ་ཡིན་ཞེས་བཤད་པ་རེད།

 རྗེས་མར་ངས་ཕྱི་རྒྱལ་གྱི་སྦྲག་འཛིན་ཁ་ཤས་ཁོར་བྱིན་བ་ཡིན།  ཁ་ལའོ་ཧྥེ་དགའ་ཐག་ཆོད་ནས་གཟབ་གཟབ་ཀྱིས་སྦྲག་འཛིན་ལག་ཏུ་ཁུར་ནས་ང་ལ་སྦྲག་འཛིན་འདི་དག་གི་རིན་གོང་ཆུ་བོའི་རྒྱུན་བབ་པ་ལྟར་བཤད་བྱུང་།  ངས་ངོ་མ་ཁོར་ཧ་ལས་སོང་།  སྦྲག་འཛིན་འདི་དག་ངའི་ཁྱིམ་དུ་བཞག་ནས་ཡུན་རིང་འགོར་ཡང་ངས་དེ་ཚོའི་རིན་གོང་གང་ཡང་ཤེས་ཀྱི་མེད།  ཆེས་མཚར་བ་ཞིག་ནི་འགྲམ་དུ་ཡོད་པའི་ཨ་ཕས་ཀྱང་ཚགས་པར་ལྟ་མཚམས་བཞག་ནས་རིག་པ་བསྒྲིམས་ནས་དགའ་ཞེན་ཆེན་པོས་ཁ་ལའོ་ཧྥེའི་ངོ་སྤྲོད་བྱེད་པ་ལ་ཉན་འཇོག་བྱས་པ་རེད།

 ཁ་ལའོ་ཧྥེས་ཁོ་རང་ངོ་མ་ཚོང་པ་ཞིག་ཡིན་མདོག་བསྟན་པར་ཧ་ཅང་དགའ་པོ་ཡོད་ཅིང་།  མིན་ན་བྲེལ་བ་བྱས་ནས་ཅ་ལག་ཉོ་མདོག་ཁ་པོ་དང་། ཡང་མིན་ན་ཁུར་སིམ་མེར་དེ་གར་བསྡད་ནས་མིག་རྡོག་རིལ་རིལ་འགུལ་ཞིང་ཚོང་ཐེངས་རྗེས་མའི་བསམ་བློ་གཏོང་བཞིན་ཡོད་པ་དང་འདྲ།  ཁོས་ནམ་རྒྱུན་མི་རྣམས་ལ་སྦྲག་འཛིན་གྱི་དེབ་དེ་གླེང་གི་ཡོད་ཅིང་ཟད་མཐའ་མེད་པའི་ནོར་བུ་ཞིག་རྙེད་པ་དང་གཉིས་སུ་མེད།  ལྷག་པར་ཁ་ལའོ་ཧྥེས་གལ་སྲིད་སྦྲག་འཛིན་གཅིག་གིས་ཨ་མའི་སྲོག་སྐྱོབ་ཐུབ་པ་ཡིན་ན་ཡང་།  ངས་དེ་བླངས་མི་བྲ་ཞེས་བཤད་པ་རེད།

 སློབ་གྲོགས་ཚང་མས་ཁ་ལའོ་ཧྥེ་མི་དགའ་ཞིང་ཁོ་ནི་སྒེར་སེམས་ཆེ་ཞིང་སྙིང་རྗེ་བྲལ་བ་ཞིག་རེད་ཅེས་གཤེ་བ་རེད།  ཡིན་ན་ཡང་ངས་ཁོས་བཤད་པའི་སྐད་ཆ་དེ་ཚོ་བདེན་པ་མིན་ཞིང་།  ཁོས་རང་གིས་སྦྲག་འཛིན་དེ་དག་ཧ་ཅང་རྩ་ཆེན་ཡིན་པའི་ར་སྤྲོད་བྱེད་འདོད་ཡོད་པ་ཙམ་རེད་སྙམ་བཞིན་ཡོད།  དེས་མ་ཚད་ཁོ་རང་ནི་མི་ཆེན་པོ་ཞིག་དང་འདྲ་བར་ཤེས་ཡོན་ལྡན་ཞིང་ང་རང་ལ་ཤེས་བྱ་མང་པོ་གོ་རུ་འཇུག་བྱུང་།  ཨ་ཕས་ཀྱང་ཕྲུ་གུ་འདི་དངུལ་ལ་དགའ་ཡང་མི་དྲང་བདེན་རང་རེད།  ང་ཚོས་ཁོའི་ལེགས་ཆ་ཡང་མཐོང་དགོས་ཞེས་བཤད།  ཁ་ལའོ་ཧྥེ་མི་རྣམས་ཀྱི་མིག་སྣང་གི་སློབ་མ་བཟང་པོ་ཞིག་མིན་ཞིང་བྱ་བ་སྒྲུབ་དུས་ཀྱང་ཡ་མཚན་ཞིག་རེད་མོད།  འོན་ཀྱང་ངས་སྔར་ལྟར་ཁོར་དགའ་པོ་བྱེད་ཀྱི་ཡོད།  ཁྱོད་ཚོ་ཅི་འདྲ་རེད་དམ།   

གཏམ་འདོད་ཚ་བོ།

 ཧྭ་ཐའེ་ཉི་ཆུང་དུས་ནས་མི་ཚང་མས་གཅེས་ལོང་བཏང་ཞིང་བསྟོད་ར་བྱས་པས་ཧམ་འདོད་ཚ་ཞིང་རྗིག་མདོག་བསྟན་པའི་ངན་གཤིས་ཤིག་གོམས་སོང་བ་རེད།  ཁྱོད་ཀྱིས་ལྟོས་དང་།  ཁོའི་ཆས་ལུགས་ངོ་མ་མཛེས་སྡུག་ལྡན་པ་ཞིག་རེད།  མགོར་མཚོ་ལི་དཀར་པོའི་ལྤགས་ཞྭ་བསྐོན་ཞིང་ལུས་ལ་སྙེ་མའི་དབྱིབས་ཅན་གྱི་སྒྲོག་ཁུག་ཤན་ཡོད་པའི་སྟོད་གོས་མེ་ཏོག་འཚེམ་ཡོད་པ་ཞིག་གྱོན་པ་དང་།  རྐང་པར་མེ་ཏོག་དམར་པོ་བར་བཙིར་རྒྱག་པའི་མོ་ལོ་ཀོའི་འཇུར་རྟ་རིང་པོ་ཞིག་གྱོན་ཞིང་།  ལག་པའི་མཁྲིག་མའི་སྟེང་དུ་ད་དུང་གོང་ཆེན་གྱི་ཆུ་ཚོད་འཁོར་ལོ་ཞིག་བཏགས་འདུག་པས་ཐམས་ཅད་ནས་ཐམས་ཅད་དུ་གཞན་དང་མ་འདྲ་བའི་ཁྱད་ཆོས་མངོན་པར་དོད་ཀྱི་ཡོད།

 ཁ་སང་། ང་དང་ཧྭ་ཐེ་ཉི། ཁོའི་ཨ་ཕ་དང་བཅས་ཧྭ་ལི་ཁྲོམ་ཆེན་བརྒྱུད་དེ་འཁྱམ་འཁྱམ་འགྲོ་བ་ཡིན།  ཧྭ་ཐེ་ཉི་ནམ་རྒྱུན་ལྟར་ཁེངས་དྲེགས་ཆེ་ཞིང་རྫིག་ཐག་ཆོད་པའི་སྒོ་ནས་གོམ་ཆེན་སྤོས་ནས་མདུན་དུ་བསྐྱོད།  ང་རང་རྗེས་སུ་ལུས་འདོད་མེད་ཅིང་ལྐོག་ཏུ་ཁོ་དང་བསྡུར་རེས་བྱས་ནས་གོམ་པའི་འདེགས་འཇོག་ཇེ་མགྱོགས་ནས་ཇེ་མགྱོགས་སུ་གཏོང་བ་ཡིན།  ལམ་མདོ་ཞིག་བརྒྱུད་རྗེས་ང་ཚོ་དབུགས་ཧལ་ཧལ་དུ་གྱུར་བས་ལམ་འགྲམ་གྱི་རྡོའི་རྐུབ་སྟེགས་ཤིག་གི་སྟེང་དུ་མལ་གསོ་ཅུང་ཙམ་བྱེད་པའི་ཐག་གཅོད་བྱས་པ་ཡིན། 

 དེར་སྔ་ནས་བག་ཆགས་པའི་བུ་ཆུང་ཞིག་བསྡད་ཟིན་ཞིང་བལྟས་ཚོད་ལ་ཧ་ཅང་ངལ་ཞིང་དུབ་པ་འདྲ་སྟེ་མགོ་བོར་སྒུར་ནས་མནོ་བསམ་གཏོང་བཞིན་འདུག ང་ཚོ་གསུམ་ཀ་གྲལ་བསྟར་བསྒྲིགས་ནས་འདུག་པའི་ཚེ་དཀྱིལ་དུ་སྡོད་ཡོད་པའི་ཧྭ་ཐེ་ཉིས་གློ་བུར་དུ་ཅི་ཞིག་དྲན་ཡོང་བ་མི་ཤེས་པར་རྐང་པ་ཡར་བཀྱགས་ནས་ཧ་ཅང་ཐལ་ཆེ་བའི་སྐད་ངག་གིས་ཝེ།  ཁྱོད་ཀྱིས་ལྟོས་དང་ངའི་འཇུར་རྟ་ཅི་འདྲ་རེད།  རྫིག་པོ་ཞིག་ཨེ་འདུག་ཅེས་དྲིས་པ་རེད།  ངས་ཧྭ་ཐེ་ཉིས་གོ་སྐབས་བཙལ་ནས་རང་ཉིད་མཐོ་འགྱིང་ཆེ་བ་ཡིན་པ་ངོམས་འདོད་ཅིང་མི་གཞན་པའི་ཡིད་སྨོན་དང་བསྟོད་བསྔགས་ཀྱང་ཐོབ་འདོད་པ་ཤེས་ཀྱི་ཡོད།  རེད་དེ་བུ་ཆུང་དེས་ཚིག་གཅིག་ཀྱང་མི་བཤད་ཅིང་ལྷག་པར་དུ་མགོ་བོ་འགུལ་ཙམ་ཡང་མི་བྱེད་པ་རེད།

 ཧྭ་ཐེ་ཉི་སེམས་ཕམ་ནས་རྐང་པ་མར་མི་བཞག་ཀ་མེད་གྱུར་སོང་།  སླར་ཡང་དར་རས་འཐུམས་པའི་སྒྲོག་གུ་ལ་མཛུབ་མོ་བཙུགས་ནས་ང་ལ།  འདི་འདྲའི་སྒྲོག་གུ་ཧ་ཅང་སྡུག་པོ་རེད།  ངས་དེ་དངུལ་ལ་བརྗེ་བསམ་པ་ཡིན་ཞེས་བཤད།  བུ་ཆུང་དེས་ད་དུང་སྐད་ཆ་མི་བཤད་ཅིང་ལུས་འགྲམ་གྱི་བྱ་དངོས་ལ་དོ་སྣང་ཅི་ཡང་མི་བྱེད་པ་རེད།  ཧྭ་ཐེ་ཉིའི་ངོ་གདོང་དམར་པོར་གྱུར་སོང་།  ཁོང་ཁྲོ་ཆེན་པོས་མཚོ་ལིའི་ཀོ་ཞྭ་མར་ཕུད་དེ་མཛུབ་མོས་ཀེར་ནས་བསྐོར་བ་རྒྱག་ཀྱང་།  བུ་ཆུང་དེས་རྐང་བཙུགས་ནས་ཁོ་དང་ཁ་གཏད་བྱེད་པ་ཇི་བཞིན་དགོད་བྲོ་བའི་འཁྲབ་སྟོན་འདི་དག་ལ་ལྟ་ཙམ་ཡང་མི་བྱེད་པ་རེད། 

 མཐར་ཧྭ་ཐེ་ཉི་ཁོང་ཁྲོ་གཏིང་ནས་ལངས་སོང་།  གློ་བུར་དུ་ལག་འཁོར་ཆུ་ཚོད་མར་བླངས་ནས་ང་རང་ལ་དེའི་ཐོག་གི་སྤུས་ལེགས་ཀྱི་རྒྱན་ཆས་ལ་ལྟད་མོ་ལྟ་རུ་འཇུག  ཁོས་ང་རང་ལ་སྐད་ཆ་བཤད་པ་ཡིན་མོད།  འོན་ཀྱང་མིག་མདའ་རྒྱུན་མི་ཆད་པར་བུ་ཆུང་དེར་འཕེན་བཞིན་འདུག  ཁྱད་མཚར་བ་ཞིག་ནི་བུ་ཆུང་དེར་ད་དུང་གྲག་འགུལ་གང་ཡང་མི་འདུག

 ཆུ་ཚོད་འཁོར་ལོ་འདིར་གསེར་ཆུ་བྱུག་ཡོད་པ་ཨེ་རེད། ངས་དེ་ལྟར་དྲིས།

 མ་རེད།  གསེར་དག་མ་རེད། ཧྭ་ཐེ་ཉི་སྣང་བ་སྐྱིད་པོའི་སྒོ་ནས་དེ་ལྟར་བཤད་ཅིང་སྐད་གདངས་ནམ་རྒྱུན་ལས་ལྡབ་བརྒྱད་ཙམ་མཐོ།

 མ་རེད་པཱ།  གསེར་དག་མ་རིན་གོང་ཆེན་པོ་རེད་ཨང་།  དངུལ་གྱི་གྲུབ་ཆ་ཅུང་ཟད་འདྲེས་ངེས་རེད།  ངས་ཧྭ་ཐེ་ཉི་བྲེལ་འཚུབ་ལངས་བར་མཐོང་དུས་རྐང་བཙུགས་ཁོར་ཀུ་རེ་བྱས་པ་ཡིན།

 ཡིན་མི་སྲིད།  འདི་གསར་དག་མ་རང་རེད། ཧྭ་ཐེ་ཉི་ཁོང་ཁྲོ་མེ་ལྟར་འབར་ཞིང་སྙོབ་ཐེངས་གཅིག་གིས་གསེར་གྱི་ཆུ་ཚོད་འཁོར་ལོ་ཕར་འཕྲོག་སྟེ་ཁ་ཕར་བསྐོར་ནས་བུ་ཆུང་དེའི་མདུན་དུ་ཁུར་ནས་ཁྱོད་ཀྱིས་ལྟོས་དང་།  ངའི་འདི་གསེར་དག་མ་ཨེ་རེད།

  ངས་ཧ་མི་གོ   བུ་ཆུང་གིས་ཐད་ཀར་དྲིས་ལན་སྟེར།

  ཨ་ཡ།  ཁྱོད་ང་རྒྱལ་ཆེ་ལ་གུས་བཀུར་མེད་དྲགས་པ་མ་རེད་དམ།  ཧྭ་ཐེ་ཉི་ཚིག་པ་ཟ་ནས་ཁྱོད་ཀྱིས་ལྟ་ཙམ་ཡང་བྱེད་མ་སོང་ཞེས་སྐད་ཅོར་བརྒྱབ།

 དེའི་ཚེ།  ཧྭ་ཐེ་ཉིའི་ཨ་ཕ་དེར་བསླེབས་བྱུང་།  ཁོས་བུ་ཆུང་དེ་ལ་ཡུད་ཙམ་བལྟས་རྗེས་གཟབ་ནན་གྱིས་རང་གི་བུ་ལ།  ཁ་ཚུམས་ཤིག་ཅེས་ཟེར།  དེའི་རྗེས་ཧྭ་ཐེ་ཉི་ཟུར་ཞིག་ཏུ་འཐེན་ནས་ཁོ་ནི་མིག་ལོང་ཞིག་རེད་ཅེས་ཤབ་ཤུབ་བྱས།

 ག་རེ། ཧྭ་ཐེ་ཉི་འཕར་མཆོང་བརྒྱབ་བྱུང་།   ང་ཚོས་བུ་ཆུང་གི་མིག་ཟུང་ལ་ཞིབ་ལྟ་བྱེད་པའི་ཚེ་ཁོའི་མིག་རྡོག་ལ་གསོན་འོད་རྟ་རྔ་ཙམ་ཡང་མི་འདུག

 ཧྭ་ཐེ་ཉི་དབུགས་ཤོར་བའི་སྤོ་ལོ་ཞིག་དང་མཚུངས་པར་ངོ་ཚ་ནས་ངོ་གདོང་ཚང་མ་དམར་ཐིང་ཐིང་གྱུར་སོང་། ཁོས་ཁུར་སིམ་མེར་བུ་ཆུང་དེར་བལྟས་ཤིང་འཚེར་སྣང་ལྡན་པའི་ངང་དགོངས་པ་མ་ཚོམས།  ང་ལ་བཟོད་སྒོམ་བྱེད་རོགས་ཞེས་བཤད་པ་རེད།  བུ་ཆུང་གི་ངོ་གདོང་ལ་སྐྱོ་བའི་དགོད་འཛུམ་ཕྲན་བུ་ཞིག་མངོན་བཞིན་སྐྱོན་མེད།  སེམས་ནང་འཇོག་མི་དགོས་ཞེས་ཞི་འཇམ་གྱིས་དེ་ལྟར་བཤད་པ་རེད།

 ང་ཚོ་བུ་ཆུང་དང་ཁ་བྲལ་རྗེས།  ཧྭ་ཐེ་ཉི་ནམ་བར་དུ་རང་ལ་ལེ་འདེད་བྱས་པ་དང་།  ཁོས་ད་གིན་ཅི་བྱ་གཏོལ་བྲལ་དུ་གྱུར་པའི་གནས་ཚུལ་བརྗེད་ཐབས་བྲལ་ཞིང་རང་གི་གཏམ་འདོད་ཚ་བོ་ནི་འདི་ལྟར་འཇིགས་སུ་རུང་ཞིང་མི་གཞན་དག་ལ་གསབ་ཐབས་མེད་པའི་གནོད་འཚེ་གཏོང་སོང་བ་ཧ་གོ་བ་རེད། 

ཁ་ལོག་དོན་རྐྱེན།

   དགུན་ཁ་ཧ་ཅང་གྲང་ན་ཡང་ཁ་བའི་འདབ་མས་མི་རྣམས་ལ་དགའ་སྤྲོ་བྱིན་པ་རེད།  ལྷག་པར་དུ་བལ་འདབ་ལྟར་གང་སར་ལྡིང་བཞིན་པའི་ཁ་བའི་ཁྲོད་དུ་ཁ་འཛིང་བྱེད་རེས་བྱ་རྒྱུ་དེ་རེད།  ཡིན་ན་ཡང་དེ་རིང་སློབ་གྲྭ་གྲོལ་རྗེས།  ཁ་བའི་ཞིང་རའི་ཁྲོད་དུ་འཇིགས་སུ་རུང་བའི་དོན་རྐྱེན་ཞིག་བུད་སོང་།

   ཕྲུ་གུ་ཚོ་སློབ་གྲྭའི་སྒོ་མོ་ནས་ཕྱིར་རྒྱུགས་པ་དང་རྩིང་སྤྱོད་སྟོན་འགོ་ཚུགས་ཤིང་སྨྱོ་བ་ལྟར་ཁ་ལོག་རྒྱག་རེས་བྱས་པ་རེད།  ཚང་མས་ཤེས་གསལ་ལྟར་ཁ་ལོག་ནི་ལྗིད་ཏིག་ཏིག་རྡོ་དང་འདྲ་བར་སྲ་ཞིང་འཐས།  ཁྲོམ་ལམ་ཐོག་ཏུ་འགྲུལ་མི་རྒྱུན་མི་ཆད་ཅིང་ལྐོག་མདའ་འདི་དག་ལས་བྱོལ་ཁོམ་གཏན་ནས་མེད།   མི་ཞིག་གིས་ཨ་ཉོག་ཚོ།  སྒུག་དང་།  ཁྱོད་ཚོས་ངན་རྩེ་བྱ་རྒྱུ་སྒུག་དང་ཞེས་སྐད་གསང་མཐོན་པོས་འབོད་སྐད་རྒྱག་གིན་འདུག  ང་ཚོས་སྐད་ངན་ཞིག་ཐོས་པའི་རྗེས་སུ་མི་རྒན་ཞིག་གིས་ལག་ཟུང་གིས་ངོ་གདོང་བཀབ་སྟེ་དལ་བུར་ས་ཐོག་ལ་འགྱེལ་སོང་བ་མཐོང་།

 སྲོག་སྐྱོབས་ཤིག   མགྱོགས་པར་མི་སྲོག་སྐྱོབས་ཤིག   ཁ་བ་རྩེ་བཞིན་པའི་ཕྲུ་གུ་ཚོ་སྐྲག་ནས་ཕྱོགས་བཞིར་བྲོས་ཤིང་། ཁ་ཤས་ཚོང་ཁང་གི་སྒོ་འགྲམ་དུ་རྒྱུགས་ནས་ཡིན་མདོག་ཁ་པོས་སྒེའུ་ཁང་ནང་དུ་ལྟ་ཁུལ་བྱེད།  མིག་རྡོག་ལ་རྨས་ཕོག་པའི་མི་རྒན་དེ་ཚང་མས་ཡར་སྐྱོར་བ་དང་།  ཉེན་རྟོག་པ་ཞིག་དང་མི་ཆེན་པོ་ཁ་ཤས་བྲེལ་བ་ལངས་ནས་སུ་ཡིན།  ཁྱོད་ཡིན་ནམ།  ཡང་སྙིང་སུས་འཕངས་པ་ཡིན་ཞེས་ཡང་ཡང་དྲིས་པ་རེད།  ཁོ་ཚོས་རེ་རེ་བཞིན་བྲོས་ཁོམ་མེད་པའི་ཕྲུ་གུ་ཚོའི་ལག་པར་ཞིབ་བཤེར་བྱས་ཏེ་ཁ་ཆུས་བརླན་པ་བཟོ་ཨེ་འདུག་ལྟ་བ་རེད།

 ང་ཚོའི་འཛིན་གྲྭའི་ཁ་ལུང་དང་།  ཁའོ་ལའེ་ཏི།  མགར་མཁན་ཆུང་བ།  ད་དུང་ཁ་ལའོ་ཧྥེ་བཅས་ང་དང་མཉམ་དུ་ཡོད་ཅིང་མི་ཚོགས་ཁྲོད་དུ་སྒུག་བསྡད་པ་ཡིན།  ཁ་ལའོ་ཧྥེའི་ངོ་གདོང་དཀར་པོར་གྱུར་ཞིང་ལུས་ཡོངས་འདར་བཞིན་འདུག   བལྟས་ཚོད་ལ་ཧ་ཅང་འཁྱགས་ཀྱི་ཡོད་པ་འདྲ།  སུ་ཡིན།  ཡང་སྙིང་སུ་ཞིག་གིས་བྱེད་པ་ཡིན།  ཉེན་རྟོག་པས་སྐད་ཅོར་རྒྱག་འགོ་ཚུགས།

  སྐབས་དེར།  ཁ་ལུང་ཁ་ལའོ་ཧྥེའི་མདུན་དུ་སོང་ནས་སྐད་ཤུགས་དམའ་ངུས་མགྱོགས་པོར་ཕར་འགྲོ་ནས་སྐྱོན་ངོས་ལེན་གྱིས།  བྱ་བ་འདི་ཁྱོད་ཀྱིས་སྒྲུབ་པ་རེད།  སྙིང་ཆུང་ནུས་མེད་ཅིག་མ་བྱེད་ཅེས་བཤད་པ་རེད།

 ངས་རྐང་བཙུགས་བྱེད་པ་མིན།  ཁ་ལའོ་ཧྥེས་ལྡབ་ལྡིབ་བྱས་ཤིང་ངུ་སྐད་ཤོར་རན་ལ་ཁད་དུ་གྱུར། 

 ངས་ཁྱོད་ཀྱིས་རྐང་བཙུགས་བྱེད་པ་མིན་པ་ཤེས་ཀྱི་ཡོད།  ཡིན་ན་ཡང་མི་རྒན་ལ་རྨས་ཕོག་པ་དེ་ཁྱོད་ཀྱིས་འགན་ཁུར་དགོས་པ་ལས་བྱོལ་ཐབས་མེད་ཅེས་ཁ་ལུང་གཅེན་པོ་ཞིག་དང་འདྲ་བར་ཁ་ལའོ་ཧྥེ་ལ་ངང་རྒྱུད་རིང་པོས་སློབ་གསོ་བྱེད་བཞིན་འདུག  

  ང་།  ང་འགྲོ་མི་ཕོད།

  སྐྲག་མི་དགོས།  ང་འགྲོ་རོགས་བྱེད་ཆོག

  སུས་འཕེན་པ་ཡིན།  མིག་རའི་ཤེལ་སྒོ་ཡང་བཅག་འདུག   ཤེལ་ཧྲུག་མིག་ནང་དུ་ཟུག་བས་ཨ་དོགས་མིག་ལོང་འགྱུར་ཉེན་འདུག་ཅེས་ཉེན་རྟོག་པ་དང་ལྟད་མོ་བ་ཚོའི་འབོད་སྐད་ཇེ་ཆེ་ནས་ཇེ་ཆེར་ཕྱིན་སོང་། 

 སྐབས་དེར་ཁ་ལའོ་ཧྥེ་སྐྲག་ནས་མགོ་ཡུ་འཁོར་གྲབས་བྱེད་ཅིང་ལུས་པོ་འདར་བཞིན་འཕོངས་འགོ་ས་ཐོག་ཤོར་ནས་བསྡད་དགོས་བྱུང་།  མི་ཚང་མས་དེ་མ་ཐག་བྱེད་ཉེས་བསགས་མཁན་གྱི་གཏེ་བོ་སུ་ཡིན་པ་ཤེས་ཤིང་།   མི་ཞིག་གིས་ཁུར་ཚུར་བཅངས་ནས་ཁོར་རྡུང་འདོད་ཀྱང་།  ཁ་ལུང་ནི་བྱ་ཆེན་ཞིག་དང་འདྲ་བར་དཔུང་ཟུང་བརྐྱངས་ནས་ཁ་ལའོ་ཧྥེའི་མདུན་དུ་བཀག་ནས་མི་ཆེན་པོ་ཁྱོད་ཚོས་སྐྱོན་ངོས་ལེན་བྱེད་པའི་ཕྲུ་གུ་ཞིག་ལ་ལྟ་ལུགས་འདི་འདྲ་བྱེད་པ་ཨེ་ཡིན་ཞེས་ཁོང་ཁྲོ་ལངས་ནས་བཤད།

 ཚང་མ་ཧོན་ཐོར་ཞིང་སྐད་ཅོར་རྒྱག་མཚམས་བཞག་སོང་།   ངའི་རྗེས་སུ་ཤོག  ངས་ཁྱོད་རང་སྲུང་སྐྱོབ་བྱེད་ཆོག   ཁ་ལུང་གིས་ཁ་ལའོ་ཧྥེའི་གྲུ་མོ་ནས་བཟུང་སྟེ་ཁོར་སྲུང་སྐྱོབ་དམ་པོར་བྱས།

   ང་ཚོ་ཉེན་རྟོག་པའི་རྗེས་འབྲངས་ནས་ཁ་ལའོ་ཧྥེ་དང་མཉམ་དུ་རྨས་ཕོག་པའི་མི་རྒན་གྱི་མདུན་དུ་བསླེབས།  མི་རྒན་རྐུབ་སྟེགས་སྟེང་དུ་ཉལ་ཞིང་ལག་ཕྱིས་ཤིག་གིས་མིག་བཀབ་ནས་ཡོད་ཅིང་ཧ་ཅང་སྡུག་བསྔལ་ཆེ་བ་འདྲ། 

   དགོངས་པ་མ་ཚོམས་རོགས།  ཨ་མེས།  ངས་རྐང་བཙུགས་བྱེད་པ་མིན།  ཁ་ལའོ་ཧྥེའི་སྐད་སྒྲ་ཧ་ཅང་དམའ་བས་ཧ་ལམ་ཚོར་ཡང་མི་ཐུབ།  ལྟད་མོ་ལྟ་མཁན་ཁ་ཤས་སླར་ཡང་ཡར་བཙིར་ཡོང་ནས་སྐད་ཤུགས་ཆེན་པོས་པུས་མོ་བཙུགས་ཏེ་བཟོད་གསོལ་བྱོས་ཞེས་འབོད་ཞོར་དུ་ཁ་ལའོ་ཧྥེ་སར་སྒྱེལ།

   གློ་བུར་དུ་སྦོམ་ཞིང་ཆེ་བའི་དཔུང་ཟུང་གིས་ཁ་ལའོ་ཧྥེ་འཐམ་པ་དང་།  རྣམ་པ་ཚོ།  ཕྲུ་གུ་འདིས་རང་སྐྱོན་ངོས་ལེན་བྱས་ཟིན་པས་ཁོར་གནོད་འཚེ་མ་བྱེད་རོགས་ཞེས་པའི་སྐད་ཆ་ཐོས་པས་མ་གཞི་ནི་སློབ་གཙོ་རེད་འདུག   སློབ་གཙོས་ཁ་ལའོ་ཧྥེ་ལ་མགྱོགས་པོར་མི་རྒན་ལ་དགོངས་དག་ཞུས་ནས་བཟོད་གསོལ་གྱིས་ཞེས་བཤད།  ཁ་ལའོ་ཧྥེ་མདུན་དུ་སོང་ནས་མི་རྒན་གྱི་པུས་མོ་ནས་འཐམས་ཏེ་མིག་ཆུ་ཤར་ཤར་དུ་བསྙིལ་བ་དང་། མཐར་སྐད་ཤུགས་ཆེན་པོས་ངུ་བ་རེད།   མི་རྒན་གྱིས་ལག་པ་བརྐྱངས་ནས་ཁ་ལའོ་ཧྥེའི་མགོ་བོར་བྱིལ་བྱིལ་བྱས་ཏེ་འགྲིག་སོང་། ཕྲུ་གུ  ཁྱིམ་དུ་ལོག་ཅིག་ཅེས་བཤད།

 ང་རང་ཁྱིམ་དུ་ལོག་རྗེས།  ཨ་ཕས་ཨན་ལེ་ཁའོ།  གལ་སྲིད་ཁྱོད་རང་ཡིན་ན་སྐྱོན་ངོས་ལེན་པའི་སྤོབས་པ་དེ་ཡོད་དམ་ཞེས་དྲིས།   ངས་བློ་བརྟན་འགྱུར་མེད་ཀྱིས་ཡོད་ཅེས་ལན་བཏབ་པ་ཡིན།   ཨ་ཕས་སླར་ཡང་བཤད་ཚར་ཕྱིན་སྒྲུབ་ཀྱང་ཐུབ་དགོས་ཞེས་མངག་གཏམ་བྱས།  ངས་ཨ་ཕར་བལྟས་ནས་མགོ་བོ་ཤུགས་དང་ལྡན་པར་གུག་པ་ཡིན།  

ཟླ་རེའི་གཏམ་རྒྱུད། བཤུས་བྲིས་མཁན་ཆུང་ཆུང་།

   ལོ་ན་བཅུ་གཉིས་སོན་པའི་ཞུས་ལེ་ཡ་ནི་ལོ་རིམ་ལྔ་པའི་སློབ་མ་ཞིག་ཡིན།  ཤ་མདོག་དཀར་སངས་ཆེ་ཞིང་གཅེས་འོས་པ་ཞིག་རེད།  ཁོའི་ཨ་ཕ་ནི་ལྕགས་ལམ་སྤྱི་གཉེར་ཁང་གི་གླ་མི་ཡིན་ལ་ཡོང་སྒོ་དམའ་བས་ཁྱིམ་མི་དྲུག་གི་འཚོ་བ་དཀའ་སྡུག་གི་གནས་སུ་ལྷུང་།

 ཁོའི་ཨ་ཕས་ཞུས་ལེ་ཡར་ཧ་ཅང་དགའ་ཞིང་དུས་རྒྱུན་དུ་ཁོའི་མགོར་བྱིལ་ནས་ངེས་པར་དུ་སློབ་སྦྱོང་ལ་སྡུག་རུས་ཀྱིས་ཨང་།  རྗེས་མར་གཞི་ནས་ལས་རིགས་ཡག་པོ་སྒྲུབ་པའི་གོ་སྐབས་རྙེད་སྲིད་ཅིང་།  ཨ་ཕ་དང་འདྲ་བར་དཀའ་ལས་མྱོང་མི་དགོས་ཞེས་བཤད་པ་རེད།  ཡོང་སྒོ་འཕར་སྣོན་བྱེད་པའི་ཆེད་དུ་ཨ་ཕས་ཉིན་དཀར་ལས་སྒྲུབ་བྱེད་དགོས་པས་མ་ཚད།  མཚན་མོར་ད་དུང་བཤུས་བྲིས་པའི་ཞོར་འགན་འཁུར་བཞིན་ཡོད།

 ཉེ་ཆར་གྱི་དུས་ཚོད་ནང་དུ་ཁོང་གིས་དུས་དེབ་ཁང་ལ་མཆན་ཤོག་བཤུས་རོགས་བྱེད་ཅིང་།   མཆན་ཤོག་ལྔ་བརྒྱས་སྒོར་ཟུར་དྲུག་ལོན་ཐུབ་པ་རེད།   ལས་ཀ་འདི་ལ་བྲོ་བ་གཏན་ནས་མེད་པས་ཨ་ཕ་ཧ་ཅང་ངལ་དུབ་ཆེ་ཞིང་དུས་རྒྱུན་པར་ངའི་མིག་ཤེད་ཇེ་སྡུག་གྱུར་སོང་། ལས་ཀ་འདིས་ངའི་ནུས་ཤུགས་ཡོད་དགུ་ཟད་སོང་ཞེས་སྡུག་ཡུས་བགྲང་གི་ཡོད། 

 ངས་ཁྱོད་ལ་རོགས་བྱས་ནས་བཤུས་ཆོག་ཅེས་ཞུས་ལེ་ཡས་ཨ་ཕར་སེམས་ཁུར་བྱེད། 

 སློབ་མ་ཞིག་ལ་ཆ་མཚོན་ན་སློབ་ཚན་ནི་ཆེས་གལ་ཤོས་དེ་རེད།  ཁྱོད་ཀྱིས་མི་ཆེན་པོའི་ལས་ཀ་ལས་མི་དགོས།   རྗེས་སུ་ཡང་ལས་མི་ཆོག ཅེས་ཨ་ཕས་སེམས་ཐག་ཆོད་ནས་ཁས་ལེན་བྱེད་མ་སོང་།   ཞུས་ལེ་ཡས་ཡ་ལན་སློག་མི་ཕོད་ཅིང་སེམས་ནང་ལྐོག་ཏུ་ཁོག་གདེང་ཞིག་རྒྱག

 མཚན་མོའི་ཆུ་ཚོད་བཅུ་གཉིས་བསླེབས་པའི་ཅོང་བརྡ་གྲག་རྗེས།  ཞུས་ལེ་ཡས་ཨ་ཕ་ཉལ་དུ་ཕྱིན་པའི་རྐང་སྒྲ་ཚོར་བ་དང་དལ་མོར་ཡར་ལངས་ནས་རྐང་འཇབ་ལག་འཇབ་ཀྱིས་དཔེ་ཁང་དུ་སོང་ནས་བད་སྣུམ་སྒྲོན་མེ་སྦར་ཏེ་ཨ་ཕའི་ཡིག་གཟུགས་ལྟར་ནན་ཏན་གྱིས་བཤུས་འགོ་ཚུགས།  ཐོག་མར་ཁོས་མཐོང་དོགས་སྐྲག་ནས་དལ་ཞིང་འཁོབ་ཀྱང་རིམ་བཞིན་བཤུས་ཀྱིན་བཤུས་ཀྱིན་བྱང་ཆ་ཇེ་ཆེར་སོང་བ་དང་།  དེ་ནས་བྲིས་ཐེངས་གཅིག་ལ་མཆན་ཤོག་བརྒྱ་དང་དྲུག་ཅུ་བྲིས་ཐུབ་ཅིང་སྒོར་ཟུར་གཉིས་ལོན་ཐུབ་པ་རེད།  དཀའ་ངལ་ཆེ་བ་ལ་ཨང་།  ང་རང་ངེས་པར་དུ་ཅུང་ཟད་ཉལ་ས་འགྲོ་དགོས་ཞེས་ཞུས་ལེ་ཡས་བྲིས་མཚམས་བཞག་ནས་སླར་ཡང་རྐང་འཇབ་ལག་འཇབ་ཀྱིས་རང་གི་ཉལ་ཁང་དུ་ལོག་པ་རེད།

 འདི་ལྟར་ཉིན་དུ་མ་སོང་རྗེས།  ཨ་ཕས་དེའི་ནང་གི་གསང་བ་མི་ཤེས་ཤིང་།  ཐེངས་རེར་མཆན་ཤོག་གི་གྲངས་ཀ་རྩི་བའི་ཚེ་ཁོང་གིས་ད་དུང་རང་ཉིད་རྐང་བདེ་ལག་བདེ་ཡིན་སྣང་ཤར་ཞིང་རྫིག་རྫིག་ངང་ང་རང་ཧ་ལས་པ་ཞིག་རེད།  ད་ལྟར་མཚན་མོ་གཅིག་ལ་སྔོན་ཆད་ལས་མང་བའི་ལས་ཀ་སྒྲུབ་ཐུབ་ཀྱིན་འདུག་ཅེས་བཤད་ཅིང་།  ཁོང་གིས་གཉེར་མ་བསྡུས་ནས་སྣུམ་སྒྲོན་ཟད་ཚད་མགྱོགས་དྲགས་འདུག་ཅེས་ལེ་འདེད་ཀྱང་བྱེད་སྲིད་ཀྱི་རེད།  ཡིན་ན་ཡང་ཁོང་དེ་མུར་དགའ་སྐྱིད་ཀྱི་ཁྲོད་དུ་ལྷུང་།  ཨ་ཕས་གཏན་ནས་ཤེས་མ་སོང་ཞེས་ཞུས་ལེ་ཡའི་སེམས་སུ་དགའ་བས་ཡོངས་སུ་ཁེངས།

  ཝེ།  སློབ་ཁྲིད་ལ་སེམས་གཏོད་ཅིག་ཅེས་ཨ་ཕས་ལག་རྡེག་བྱས་ནས་གསལ་འདེབས་བྱས།  ཞུས་ལེ་ཡས་མྱུར་བར་ལག་པས་རྐང་ཉྭར་བཅུར་ནས་གཉིད་དཀྲོགས་འདོད་ཀྱང་།  བསྟུད་མར་མཚན་མོ་ཁ་ཤས་ལ་གནས་ཚུལ་འདྲ་འདྲ་བྱུང་བ་རེད།  མཐར་ཨ་ཕས་བཟོད་བསྲན་མ་ཐུབ་ནས་ཁྲོ་བ་ཆེན་པོས་ཁྱོད་ཀྱིས་ངའི་དྲིན་ལན་ལོག་འཇལ་བྱེད་སོང་།  ང་རང་འདི་ལྟར་དཀའ་ལས་རྒྱག་པ་དེ་ཁྱོད་ཀྱིས་སློབ་སྦྱོང་ཡག་པོ་ཞིག་བྱས་ནས་རྗེས་མར་རེ་བ་ཞིག་ཨེ་ཡོད་བསམ་པ་ཡིན་ཞེས་གཤེ་པས་འདི་ནི་ཞུས་ལེ་ཡས་ཐེངས་དང་པོར་ཨ་ཕའི་བཀའ་བཀྱོན་མྱོང་བ་རེད།  ཁོས་མིག་ཆུ་གཏོང་ཞོར་དུ་སེམས་ནང་དུ་ངས་ད་ནས་བྲིས་མཚམས་འཇོག་དགོས་སྙམ་པ་རེད།  ཡིན་ན་ཡང་ཨ་ཕའི་སྐྲ་ལོ་དཀར་པོ་དང་བྲིས་གླ་ཐོབ་པའི་དགའ་འཛུམ་མཐོང་དུས་ཁོས་ད་དུང་དུས་ཡུན་རིང་ཙམ་མཐའ་འཁྱོངས་བྱ་རྒྱུའི་སེམས་ཐག་བཅད།

 དེ་ལྟརབྱས་ནས་ཡང་ཟླ་བ་གཉིས་འགོར་སོང་།  ཞུས་ལེ་ཡས་ཉིན་དཀར་ཉབ་བེ་ཉོབ་བེ་བྱས་ནས་སློབ་སྦྱོང་བྱེད་ཅིང་མཚན་མོར་སྲོག་དང་བསྡོས་ནས་བཤུས་བྲི་བྱེད།  ཨ་ཕས་དགེ་རྒན་གྱི་མདུན་ནས་ཞུས་ལེ་ཡའི་སློབ་སྦྱོང་བྱེད་སྟངས་ཧ་ཅང་སྡུག་པོ་ཡིན་པ་ཤེས་བས་ཁྲོ་བ་གཏིང་ནས་ལངས།  ཕྲུ་གུར་སྦྲང་ཀ་ར་ཉོས་ནས་ལོག་པའི་ཚེ་ཨ་ཕས་ཨ་མ་ལ་ཞུས་ལེ་ཡར་སྦྲང་སྟེར་དུ་མི་བཅུག་པ་དང་།  ཁོང་གིས་མི་ངན་དེ་ལ་ཟ་མ་བཅུག  ཁོ་རང་ཉིན་དཀར་དཀར་རྨི་ལམ་རྨི་རུ་ཐོངས་ཤིག་ཅེས་བཤད་པ་རེད།  ཞུས་ལེ་ཡས་གྲག་འགུལ་ཅི་ཡང་མི་བྱེད་ཅིང་སྐད་ཆ་བཤད་པའི་ནུས་ཤུགས་ཀྱང་མེད་པ་འདྲ།

 ཉིན་ཞིག་གི་ནུབ་མོར།  ཁོས་ཚང་མ་ལ་གནས་ཚུལ་ངོ་མ་བཤད་འདོད་པའི་སྐབས་དེར་ཨ་ཕའི་བྱ་དགའི་དངུལ་མེད་པར་སོང་བའི་གནས་ཚུལ་གོ་བྱུང་། ཨ་ཕའི་སྐྱོ་བས་ཁེངས་པའི་ཞལ་རས་བལྟས་ནས་ཁོས་གྲེ་བར་བསླེབས་པའི་སྐད་ཆ་དེ་སླར་ཡང་ཁོག་པའི་ནང་དུ་མིད་ཅིང་སེམས་ནང་དུ་ངས་སློབ་སྦྱོང་ཡག་པོ་བྱས་ནས་ཨ་ཕར་རོགས་བྱས་ཏེ་ཁྱིམ་ཚང་གསོ་དགོས་ཞེས་ཡང་ཡང་འདོན་པ་དང་།  དེའི་རྗེས་ཀྱི་ཟླ་བ་གཉིས་ཀྱི་ནང་དུ་ཞུས་ལེ་ཡས་མུ་མཐུད་དེ་བཤུས་བྲིས་ལས་ཀ་འགུལ་བ་རེད།

 ཨ་ཕས་ཁོར་རེ་ཐག་ཆད་པས་སེམས་ཁུར་དང་གཅེས་སྐྱོང་ཏིལ་འབྲུ་ཙམ་ཡང་མི་བྱེད་ཅིང་།  ཨ་མས་བུ་ཉམ་ཞན་གྱུར་པར་སེམས་འཚུབ་པའི་ཚེ་ཨ་ཕས་ད་དུང་ངས་སྔ་ནས་ཁོར་ལྟ་མེད།  ཁོ་སྔར་སྦྱངས་འབྲས་བཟང་བའི་ཚེ་གཏན་ནས་ན་མི་དགོས།  ད་ལྟར་ན་ཡང་རང་སྡུག་རང་གིས་ཉོས་པ་རེད་ཅེས་བཤད།

 ཨོ། ཨ་ཕ། ཁྱོད་ཀྱི་གཅེས་སྐྱོང་མེད་ན་ང་རང་གསོན་པོ་འཚོ་ཐུབ་ཀྱིན་མ་རེད་ཅེས་ཞུས་ལེ་ཡ་ཡར་ལངས་ནས་གནས་ཚུལ་ངོ་མ་བཤད་འདོད་ཀྱང་ཆེས་མཐའ་མཇུག་གི་སྐད་ཅིག་མ་དེར་ཁོས་བཤད་རྒྱུ་བསྐྱུར་བ་རེད།  གལ་སྲིད་ངས་མ་བྲིས་ན་ཨ་ཕ་དེ་བས་དཀའ་དུབ་ཆེ་བ་མ་རེད་དམ།

 ཉིན་གཅིག་གི་ནུབ་མོར་ཞུས་ལེ་ཡས་བཤུས་བྲིས་བྱེད་པའི་སྐབས་སུ་གློ་བུར་དུ་དཔེ་ཆ་ཞིག་ལ་ཐུག་ཤོར་ནས་ས་ཐོག་ཏུ་ལྷུང་བ་རེད།  ཁྱིམ་མི་ཚོ་གཉིད་ལས་དཀྲོག་དོགས་ཀྱིས་ཁོ་རང་ཧ་ཅང་སྐྲག་ནས་ཅི་ཡང་བྱེད་མི་ཕོད་པར་ལུས་པོ་ཡོ་ཡོ་བྱས་ཏེ་ལྐོག་ཉན་བྱེད་པ་དང་།  ཅུང་ཟད་སྒུག་རྗེས་ཁོས་སླར་ཡང་རིག་པ་བསྒྲིམས་ནས་བཤུས་བྲི་བྱེད་འགོ་ཚུགས།

 ཁུར་སིམ་མེར་གྱི་མཚན་མོར་སར་སར་ཞེས་པའི་སྒྲ་ཞིག་ཚོར་བ་དང་ཅི་ཞིག་གིས་བཟུང་སོང་བ་ལྟར་ཨ་ཕ་ཞུས་ལེ་ཡའི་ལུས་རྒྱབ་ཏུ་ལངས་ཤིང་སེམས་ནང་དུ་འགྱོད་གདུང་དང་དགའ་བརྩེས་ཁེངས་བཞིན་འདུག  ཞུས་ལེ་ཡས་གློ་བུར་དུ་མི་ཞིག་གིས་ལག་པ་འདར་ནས་རང་གི་མགོ་བོར་འཐམ་པའི་ཚོར་སྣང་བྱུང་བས་འཕག་ཚག་རྒྱག་ནས་ཨོ། ཨ་ཕ།  ང་ལ་དགོངས་དག་གནང་རོགས་ཞེས་བཤད།

 ཨ་ཕས་བུའི་ཁ་ངོ་ལ་འོ་བྱས་ཏེ་ངུ་ཁ་འཇགས་མ་ཐུབ།  ཨ་ཕར་བཟོད་སྒོམ་གྱིས་དང་། ངས་ཚང་མ་ཧ་གོ་སོང་།  ངའི་ནོར་བུ། མགྱོགས་པོར་ཤོག་ཅེས་ཨ་ཕས་བུ་པང་དུ་བླངས་ནས་ཨ་མའི་ཉལ་ཁྲིའི་མདུན་དུ་ཁྲིད་དེ་མགྱོགས་པོར་ལྷའི་ཕོ་ཉ་ལྟ་བུའི་ཕྲུ་གུ་འདི་ལ་འོ་ཞིག་བྱོས་དང་།  ཁོ་རང་ཟླ་བ་གསུམ་ཙམ་ལ་ང་ཚོའི་ཁྱིམ་མི་རྣམས་ཀྱི་ཆེད་གཉིད་ཡག་པོ་ཞིག་ལོག་རྒྱུ་རག་མེད།  ངས་ད་དུང་ཁོར་ལེ་བདའ་དང་གཤེ་གཤེ་བཏང་བ་རེད་ཅེས་བཤད།

 ཕྱི་ཉིན་ཞོགས་པར།  ཞུས་ལེ་ཡས་མིག་ཟུང་ཕྱེ་བ་དང་སྐྲ་ལོ་དཀར་པོའི་ཨ་ཕ་རང་གི་མལ་ཁྲིའི་འཁྲིས་སུ་ཁ་སྦུག་ནས་གཉིད་དུ་ཡུར་འདུག་པ་མཐོང་།  ཁོས་ཐོད་པ་བུའི་བྲང་ཁར་ཐུག་སྟེ་མཚན་གང་བོར་ཞུས་ལེ་ཡ་སྲུང་བ་རེད།


  • ལེ་ཚན་སྔོན་མ།:དགའ་གཅེས་སློབ་གསོ།
  • ལེ་ཚན་རྗེས་མ།:དགའ་གཅེས་སློབ་གསོ།
  • རྩོམ་གསར། 10