གུང་སེང་སྙིང་རྗེ་མོ་ལ།

སྙིང་མོ་སྐྱིད། ལྷ་ས།        2018-01-15

 ༡

      ཁེ་ཉིན་ནི་སྤྱི་ཟླ་བཅུ་གཉིས་པའི་ཚེས་སོ་གཅིག་སྟེ།ཉིས་སྟོང་བཅོ་ལྔ་ལོའི་མཐའ་མཇུག་གི་ཉིན་མོ་འདིར།ཉི་འོད་གྲོང་ཁྱེར་དུ་ཁ་བ་བབས་བྱུང་།འདི་ནི་ད་ལོའི་ཁ་བ་དང་པོ་ཡིན་ཏེ།ཁ་བའི་འབབ་སྟངས་དང་ཁ་བའི་མདོག་ནི་ཇི་འདྲའི་མཛེས་ཤིང་ཉམས་དགའ་བ་ཞིག་རེད་ཨང་།ད་ནི་ཕ་ཡུལ་ལ་ལོག་པའི་ཉིན་མོ་དང་ཐག་ཇེ་ཉེ་རེད་དེ། ཆུ་ཚོད་ཞེ་བརྒྱད་ཀྱི་རྗེས་སུ་ང་རང་ཕ་ཡུལ་ལ་བསླེབས་ཡོད། ང་རང་ལྟེ་ཁྲག་དམར་པོའི་ལང་ཚོ་འཐོར་ས་དང་འགྱེལ་ལངས་གྲངས་མེད་ཀྱིས་གྱ་ཙེའི་གོམ་ཙེའི་གོམ་པ་ཐོག་མ་སྤོ་སའི་ཕ་ཡུལ་ཀྱི་པང་དུ་ལོག་ཡོད་ལ།ངའི་འཇིག་རྟེན་ལ་ནམ་ཡང་བདེ་སྐྱིད་ཀྱི་དྲོད་ཁོལ་དང་སྙིང་སྟོབས་འཛད་མེད་སྦྱིན་པའི་དྲིན་ཆེན་ཕ་མ་གཉིས་ཀའི་གམ་དུ་ཡང་བསླེབས་ཡོད།ད་ནི་ཉིན་མཚན་དུས་དྲུག་ཏུ་ཡིད་ལ་བཅངས་པའི་ཕ་ཡུལ་དང་ཕ་མར་འཇལ་བའི་བསྐལ་བ་བྱུང་བས།ང་ལ་སྨྲ་བསམ་བརྗོད་འདས་ཀྱི་དགའ་སྤྲོ་སྐྱེས་པའི་ངང་ཚུལ་ནི་ཁེ་ཉིན་མ་ཟད་མ་འོངས་པའི་དུས་ནམ་གྱི་ཚེ་ཡང་བརྗེད་མི་སྲིད།ངས་ཅ་ལག་ཐམས་ཅད་སྔ་མོ་ནས་བསྡུ་གསོག་ལེགས་པོ་བྱས་ཏེ་ཕ་ཡུལ་གྱི་པང་དུ་ལོག་པར་གྲ་སྒྲིག་ཨང་གསར་བྱས་ཡོད།

 

      ཁ་སང་ནི་༢༠༡༦ལོའི་ཉིན་དང་པོ་སྟེ།ངས་རེ་བའི་སྒུག་པའི་སྤྱི་ཟླ་དང་པོའི་ཉི་གཞོན་ད་གཟོད་སྒེའུ་ཁུང་གི་ཁ་ནས་འཛུམ་བྱུང་ལ།དེ་ནི་ང་ལ་གུང་སེང་གི་གནང་བ་རག་པའི་ཉིན་མོ་ཡིན་པས།ཉིན་གང་བོར་དགའ་ལྷང་ལྷང་གིས་ཉི་མ་ཇི་ལྟར་ནུབ་པ་ཡང་མ་ཚོར།མདང་དགོང་གི་རྨི་ལམ་དུ་ང་རང་སྡེ་བའི་མདུན་གྱི་བྱ་རྒོད་པོས་གཤོག་རྩལ་ངོམ་འདྲའི་ཐོད་དཀར་སྒང་ན་ཆུང་དུས་ཀྱི་རྩེ་གྲོགས་ཚོ་དང་མཉམ་དུ་རྩེད་འཇོར་རོལ་ཅིང་གླུ་དབྱངས་ལེན་བཞིན་མཆིས་ལ།ཡང་སྡེ་འདབས་ཀྱི་ནག་ཡུག་ཡུག་ངང་སློབ་གྲྭའི་ཕྱོགས་སུ་འཐེན་པའི་གཞུང་ལམ་གྱི་འགྲམ་ན།དཔེ་ཁུག་ཆུང་ཆུང་རྒྱབ་ལ་ཁུར་རྗེས་ཨ་མྱེས་ཟོག་རྫིས་བཤད་པའི་དག་ཞིང་གི་གནས་མཆོག་སྟེ་ཉི་མ་ལྷ་ས་ཆགས་ཚུལ་སྐོར་གྱི་ཡིད་འོང་གི་གཏམ་རྒྱུད་ལ་ཉན་ནས་སློབ་གྲྭར་འགྲོ་རྒྱུ་ཡང་བརྗེད་འདུག་པ་རྨིས་པ་མ་ཟད།ད་དུང་འབྲུ་དྲུག་སྙེ་མའི་མགོ་ལྕོག་ལྡེམ་དུ་གཡོ་བའི་ཞོགས་པའི་ཞིང་ཚིགས་བར་ན།སྐམ་རིད་ཀྱི་གདོང་ལ་བརྩེ་དྲོད་ཀྱིས་གཏམས་པའི་དྲིན་ཆེན་མ་ལོ་དང་མཉམ་དུ་ཞིང་འབྲེགས་པའི་རྣམ་པ་ཡང་རྨིས་བྱུང་།གཞན་ད་དུང་མ་ཎི་ཡིག་དྲུག་གི་དབྱངས་སྙན་གང་སར་ཁྱབ་ཅིང་འཁོར་ལོའི་སྒྲ་དབྱངས་བར་མེད་དུ་གྲག་པའི་སྡེ་བའི་མ་ཎི་ཁང་ན་ཨ་ཕྱིས་ང་ལ་ཚེ་ཕྱི་མ་དང་ལས་རྒྱུ་འབྲས་སོགས་བཤད་པ་སོགས་རྨིས་བྱུང་།    

    ངོ་མ་ཁག་མེད་དེ།ངས་ཉིན་མོ་འདིར་སྒུག་ནས་ཏག་ཏག་ཟླ་བཅུ་འགོར་སོང་།ལོ་གཅིག་ལ་ཐེངས་གཅིག་མ་གཏོགས་ཕ་ཡུལ་ལ་ལོག་ཐུབ་ཀྱིན་མེད་པའི་བུ་མོ་ངས་ལག་ཟུང་བྲང་ཁར་བཞག་སྟེ་སྙིང་ཁར་མཛུབ་མོ་གནོན་དུས། ང་ནི་ཕ་ཡུལ་གྱི་རུམ་ཁོང་གི་ལམ་འགྲོ་བ་ཞིག་དང་ཅི་འདྲའི་མཚུངས་ཨང་།                                                                           

     དེ་རིང་ང་རང་ཕ་ཡུལ་ཕྱོགས་ལ་འགྲོ་བའི་མེ་འཁོར་ལ་བསྡད་ཡོད།མེ་འཁོར་ནི་ཆུ་སྤྲིན་སྟུག་པོའི་ཀློང་ན་རྔམ་སྟབས་ཀྱིས་རྒྱུ་བའི་གཡུ་འབྲུག་ཅིག་དང་འདྲ་བར་ཐོགས་པ་མེད་པར་མདུན་ནས་མདུན་དུ་སྐྱོད་བཞིན་ཡོད་ལ།མཐོ་སྒང་གི་རི་ཆུ་ལུང་གསུམ་གྱི་མཛེས་སྡུག་གི་ཁོར་ཡུག་ནི་འགྲམ་གཉིས་ཀྱི་སྒེའུ་ཁུང་ལས་སྐད་ཅིག་མའི་ཡུན་ལ་རེ་རེ་བཞིན་རྒྱབ་ཏུ་བསྐྱུར་བར་བྱས།སྒེའུ་ཁུང་ཕྱི་རོལ་གྱི་མཛེས་ལྗོངས་ལ་བལྟ་བཞིན་ང་རང་འདས་མ་ད་གསུམ་གྱི་ཀློང་དུ་དྲངས་བྱུང་།ཚེ་གང་པོ་ཞིང་ལས་གཉེར་ནས་དཀའ་སྤྱད་བབ་ཆགས་ངང་འཚོ་བ་རོལ་བའི་བདག་གི་ཕ་མ་གཉིས་ནི་མི་དྲང་མོ་གཡོ་མེད་པ་དང་ཁོག་དྲང་མོ་རྒྱུ་མེད་པའི་ཞིང་བ་རྣལ་མ་གཉིས་ཡིན་ལ། དུས་རྒྱུན་དུ་མི་གཞན་ལ་རོགས་བྱེད་རྒྱུ་དགའ་ལ་བྱམས་སྙིང་རྗེ་ཆེ་ཞིང་གཏོང་ཕོད་ཆེ་བས་ཚང་མས་ཁ་ནས་མི་བཟང་ཡ་རབས་གཉིས་རེད་ཟེར་བ་མང་དུ་ཐོས།སློབ་གསོ་ཞེས་པའི་ཐ་སྙད་འདི་གོ་མ་མྱོང་ཡང་ནམ་རྒྱུན་སྙིང་རྗེ་སྒོམ་ཞིང་རྒྱུ་འབྲས་གཙོས་སུ་འཛིན་པའི་ཕ་མ་གཉིས་ཀས་རང་གི་བྱ་བ་སྤྱོད་པ་དང་འགྱུར་བ་མེད་པའི་གཤིས་ཀས་ངེད་མིང་སྲིང་ཚོར་ཀུན་སྤྱོད་སློབ་གསོ་གཞན་དང་མི་མཚུངས་བ་ཞིག་ཐོབ་ཏུ་བཅུག་ཡོད།སློབ་གྲྭའི་སྒོ་ཐེམ་བརྒལ་བའི་དུས་ནས་བཟུང་ངས་རས་རྐྱང་གི་དྲོད་ལ་འཁྲི་ཞིང་ཆུ་རྐྱང་གི་བཅུད་ལ་རེ་བཞིན་སློབ་སྦྱོང་ལ་བརྩོན་པ་ཆུ་བོའི་རྒྱུན་བཞིན་བསྲིངས་ནས་སློབ་ཆུང་དང་དམའ་འབྲིང་མཐོ་འབྲིང་གང་དུ་བསླེབས་ཀྱང་སྐར་འབྲས་འཛིན་གྲྭའི་ཨང་དང་པོ་ལེན་རྒྱུ་དམིགས་ཡུལ་དུ་བྱས་ནས་སྡུག་དང་དཀའ་ཚེགས་ཇི་འདྲ་ཆེ་ཡང་བློ་སྟོབས་ཀྱི་ངར་ཡལ་མ་མྱོང་།དེ་དུས་ཕ་མའི་ངོ་གདོང་ཡིད་ལ་དྲན་ཐེངས་རེར་གཟུགས་མེད་ཀྱི་སྟོབས་ཤུགས་ཞིག་གིས་རྒྱབ་ནས་འདེད་པ་བཞིན་བརྩོན་འགྲུས་ཀྱི་བེར་ཀས་བདག་ལ་རྣམ་པར་སྐུལ་ཡོང་ལ།ཡིད་ཆད་སྐྱེས་པའི་སྐབས་སུ་རེ་བ་ཡི་མེ་རྟ་ཧར་གྱིས་སྒྲོན་ཡོང་བ་སོགས་ཡིད་ལ་དྲན་ཐེངས་རེར་བརྗོད་མི་ཤེས་པའི་ཚོར་བ་ཞིག་ལུས་ཡོངས་ལ་ཁྱབ་འགྲོ།     

     སྤྱི་ཚོགས་གསར་རྙིང་གཉིས་ཀ་བརྒྱུད་མྱོང་བའི་ཕ་མའི་སེམས་ན་སྡུག་བསྔལ་མང་པོ་ཞིག་ཡོད་སྲིད་ཀྱང་།ཁོ་ཚོས་ཁ་ནས་ང་ཚོར་ཚིག་གཅིག་ལབ་མ་མྱོང་།རང་ཉིད་བུ་མོའི་ཨ་མར་གྱུར་བ་དང་ཁྱིམ་ཚང་གི་འགན་ཁུར་ཕྲག་ཏུ་འཁུར་རྗེས་ཕ་མའི་སྐྱིད་སྡུག་དང་དྲིན་ལན་ཤེས་ལ།ཕ་མ་གཉིས་ཀ་རང་སེམས་ནས་སྔར་ལས་ཀྱང་རླབས་ཆེན་དུ་གྱུར།རེད་ཡ།དུས་ཚོད་ཀྱི་སྐྱ་མོའི་ལམ་དུ་དྲིན་ཆེན་ཕ་མ་གཉིས་ཀྱིས་འཇིག་རྟེན་གྱི་དཀའ་སྡུག་ཡོད་ཚད་བདེ་སྐྱིད་དུ་བསྒོམས་ཏེ་སེན་མགོ་ཁྲག་དང་སེན་རྟིང་རྣག་བྱས་ནས་ང་ཚོ་མིང་སྲིང་གསུམ་ཀ་སློབ་གྲྭར་བསྐྱལ་ཏེ།ད་ལྟ་ཁྱིམ་གཞི་བཙུགས་ཤིང་འཇིག་རྟེན་བསྐྲུན་ཡོད།ང་ཚོ་མིང་སྲིང་རྣམས་སློབ་ཆེན་མཐར་ཕྱིན་ནས་རྒྱལ་ཁབ་ཀྱི་ལས་བྱེད་པ་ཞིག་ཏུ་གྱུར་དུས།ཕ་མས་གཞི་ནས་མི་གྲལ་ནས་མགོ་བཀྱགས་ནས་འགྲོ་བ་དང་ངེད་ཚང་གི་ཁོག་དཔུང་ལ་རྒྱ་ཚང་སོང་ཟེར་ལ།ཕ་མའི་སེམས་ན་ང་ཚོ་ནི་སྐྱེས་མཆོག་དམ་པ་སུས་ཀྱང་འགྲན་མི་བཟོད་པའི་རླབས་ཆེན་གྱི་མི་དེ་དག་ཡིན།ཡིན་ན་ཡང་འཇིག་རྟེན་ཁ་དཔེར་བུ་ནི་ཕ་མའི་ལག་ཐོག་ལ་ཆུ་ལྡུག་མཁན་དང་ལག་འོག་ལ་མེ་འབུད་མཁན་རེད་ཟེར་བ་ཅིས་མ་བདེན།ཕ་མ་གཉིས་ཀ་རྒས་ནས་རང་གི་བུ་ཕྲུག་ཚོ་མཁོ་དུས་ང་ཚོ་གྲིབ་མ་ཙམ་ཡང་མཐོང་རྒྱུ་མེད།ལྷག་པར་དུ་ལུས་ཕུང་མི་བདེ་བའི་དུས་སུ་ང་ཚོ་ནད་གཡོག་རྒྱུག་མཁན་དུ་ཇི་འདྲའི་མཁོ་ནའང་།སྒོར་མོ་རེ་བསྐུར་བ་ལས་ལས་ཀའི་དབང་གིས་བུ་ཕྲུག་རྣམས་ཁོ་ཚོའི་མདུན་དུ་བསླེབས་ཐུབ་མེད་པས། དྲིན་ཆེན་ཕ་མའི་དྲིན་ལན་གསོལ་མི་ཐུབ་པའི་བུ་མོ་ང་སྡུག་བསྔལ་གྱི་རྒྱ་མཚོར་ལྷུང་ཡོད།

 ༤

         སང་ཉིན་ནི་ངལ་གསོའི་ཉི་ཚད་ལོངས་བའི་ཉིན་མོ་སྟེ་ང་རང་ཡང་བསྐྱར་མེ་འཁོར་ལ་བསྡད་ནས་ལྷ་སར་འགྲོ་དགོས།དུས་ཚོད་ནི་རྦབ་རྡོ་འགྲིལ་བ་བཞིན་ཇི་འདྲའི་མགྱོགས་ཨང་།ད་ཡང་སྙིང་ནས་བརྩེ་བའི་ཕ་མ་བུ་ཕྲུག་རྣམས་དང་ཁ་བྲལ་བའི་སྐྱོ་སྡུག་གི་ཉིན་མོ་དེ་བསླེབས་བྱུང་།སློབ་ཆེན་འགྲིམས་པ་ནས་བཟུང་ལོ་རེར་ཕ་ཡུལ་ལ་ཐེངས་རེ་གཉིས་མ་གཏོགས་ལོག་མི་ཐུབ་ལ།ཁྱིམ་དུ་ལོག་ཐེངས་རེར་ཕ་མ་གཉིས་ཀ་ཇི་འདྲ་མི་ཁོམ་རུང་དཀའ་ཚེགས་ལ་མ་འཛེམ་པར་མེ་འཁོར་འབབ་ཚུགས་སུ་བསུ་རུ་འོངས་བ་དང་སྐྱེལ་མ་བྱེད་དུ་འོངས་ངེས།ཕ་ཡུལ་དང་བྲལ་ཐེངས་རེར་ངའི་སེམས་པ་བརླན་ཤིག་ཤིག་ཡིན་ལ།མེ་འཁོར་གྱི་སྒེའུ་ཁུང་ལས་འབབ་ཚུགས་སུ་ལངས་ནས་སྐྱེལ་མ་བྱེད་པའི་ཕ་མའི་སྐུ་གཟུགས་ལ་ལྟ་ཐེངས་རེར་སེམས་པ་ལྗིད་ཏིག་ཏིག་ཏུ་གྱུར་བྱུང་། ཕ་མའི་དྲན་ཤེས་ཀྱི་ཚོར་བ་ནི་ལོ་རེ་བཞིན་མར་ངོས་ཀྱི་ཟླ་བ་ནང་བཞིན་ཉམས་འདུག་ལ།གདོང་ལ་དུས་ཚོད་ཀྱི་གཉེར་མས་གཡོགས་ཤིང་།དབུ་སྐྲའི་མཚམས་ལ་དངུལ་མདོག་གི་ཚོན་གྱིས་བྱུག་པ་བཞིན་སྔར་ལས་དཀར་པོ་གྱུར་འདུག་པས།ངས་ཕ་མ་གཉིས་ཀ་ལོ་དང་ནམ་ཟླས་གཉའ་ནས་མནན་ཏེ་གཞུག་ནས་འདེད་ཀྱིན་པ་ཚོར་བྱུང་།    སྐབས་དེར་ང་རང་ཉིད་ལ་འཚིག་པ་ཟ་བཞིན་རང་གིས་རང་ལ་ལེ་བདའ་བྱས་པ་ཡིན་ལ།བློ་ཁ་ནང་དུ་ཕྱོགས་ནས་ཐག་རིང་གི་ས་མཐའ་ཞིག་ནས་བྱ་བ་གཉེར་དོན་ལ་ཡང་འདང་བརྒྱབ་པ་ཡིན།ངོ་མ་བཤད་ན་ངས་རང་གི་མི་ཚེའི་རིན་ཐང་དང་ཕུགས་བསམ་དོན་གཉེར་བྱེད་ཆེད་གཞན་ཡུལ་དུ་བུད་པ་ཡིན་པས།དེ་ནི་ཕ་མའི་དྲིན་ལན་དང་རང་གི་ལས་ཀའི་བར་གྱི་འགལ་བ་ཞིག་རེད་མོད།ཡིན་ནའང་འགལ་བ་དེ་ཐག་གཅོད་བྱེད་པའི་ནུས་བ་ང་ལ་དབེན་པས།དང་ཐོག་ཕ་མ་གཉིས་ཀས་ངའི་ལས་ཀར་རྒྱབ་སྐྱོར་བྱས་པར་ཁ་གཡར་ནས་བཀའ་དྲིན་ཐམས་ཅད་ཀྱི་ནང་ནས་མཆོག་ཏུ་གྱུར་བ་ནི་བཀའ་བཞིན་སྒྲུབ་པ་དེ་ཡིན་ཞེས་རང་གིས་རང་ལ་སེམས་གསོ་མི་བྱེད་ཐབས་མེད་བྱུང་ངོ།། 


  • ལེ་ཚན་སྔོན་མ།:ཧ་ཝར་ཌི་སློབ་ཆེན་གྱི་དོན་སྙིང་།
  • ལེ་ཚན་རྗེས་མ།:ཉིས་སྟོང་བཅོ་ལྔ་ལོའི་མཐར་ཕྱིན་སློབ་མ་རྣམས་ལ་གདམས་པའི་བསླབ་བྱ།