ན་ཆུང་།

ལྷ་དགའ། དཀར་མཛེས།        2018-01-15

དབྱངས་ཀྱི་ལྷོད་ཆ་འཐེན་པའི་གཉུག་གཤིས་ཀྱིས།།

སེམས་ཀྱི་གཞས་ཆུང་མགུར་དུ་བསྡེབས་པ་ན༎

ཉི་ཤུ་ལང་ཚོ་རྫོགས་པའི་ན་ཆུང་ཁྱོད༎

གཟུགས་རིས་ཆུ་ལ་འདར་བའི་ཟླ་བར་འཁྲུལ༎

 

གྲིབ་མའི་ཕྱག་སོར་བསྲིངས་བའི་ས་སྲོད་དུ༎

ལམ་བགྲོད་རླུང་བུས་ལྕང་ལོར་རེག་པའི་ཚེ༎

སྐྱོ་བའི་གདོང་འབག་མནབས་པའི་འགྲུལ་བཞུད་པའི༎

སྣང་བ་ཡོམ་ཡོམ་གདོད་མའི་དབྱངས་ལ་འཁྲི༎

 

སྤྲིན་དཀར་རླུང་གིས་ལྡེམ་པའི་མཛེས་ཉམས་དེ༎

སེམས་པའི་དུང་ཤོག་སྟེང་དུ་རི་མོ་ཕབ༎

སྣང་བའི་མཚོ་ལ་འཕུར་བའི་ན་བུན་དག།

གཉུག་མའི་དབྱངས་ཀྱིས་ཡར་ཡར་དགུང་ལ་བཀྱག།

 

མུན་པ་འཇགས་པའི་སྒེའུ་ཡོལ་ཕར་ངོགས་ན༎

མི་ཚེ་གྲུ་ལ་བསྐྱོན་པའི་གཏམ་རྒྱུད་ཡོད༎

ཞོགས་པར་རྩྭ་ཟིལ་འཐོར་བའི་སྐད་ཅིག་མས༎

སེམས་ལ་བདོག་པའི་རྨི་ལམ་གཙང་མར་ཕྱིས༎

 

ཤེལ་གྱི་ལོ་མར་ཕོག་པའི་ཉི་ཟེར་གྱིས༎

སྣང་བའི་ལྟེབ་ལ་ངར་སྐད་བྲན་པ་ན༎

ཕྱི་ནང་གསལ་བའི་མིག་ཀོང་ཆུ་སྒྲིལ་མས༎

ཁྱོད་ལ་སྒུག་པའི་ངལ་བ་བརྟེན་པར་མོས༎


  • ལེ་ཚན་སྔོན་མ།:ཀ་རྩོམ་དྲན་པའི་གདུང་དབྱངས།
  • ལེ་ཚན་རྗེས་མ།:སྒྲུང་དང་མི་ཚེ།