ཀ་རྩོམ་དྲན་པའི་གདུང་དབྱངས།

ཡ་མ་མཁའ་འགྲོ། དཀར་མཛེས།        2018-01-15

ཀ་ཡེ་གསོན་དང་ང་ཡི་སྙིང་སྡུག་ལགས༎

ཁ་བྲལ་བྱུང་བ་སྐྱེ་བ་སྔོན་གྱི་ལས༎

ག་ནས་བསམས་ཀྱང་སྙིང་གི་ནོར་བུ་ཁྱོད༎

ང་ཡིས་སྙིང་ནས་གཏོང་བའི་ཐབས་མི་འདུག།

 

ཅ་ལེ་ཅོལ་ལེ་འཁོར་བའི་བྱ་བ་ལ༎

ཆ་དང་ཡ་ཞེས་འཛད་རྒྱུ་མེད་པར་སྣང་༎

ཇ་ཡུན་རེ་ཡང་བརྗེད་ཐབས་མེད་པའི་ཁྱོད༎

ཉ་མོ་མཚོ་ལ་ཆགས་ལྟར་ང་ཡིས་དྲན༎

 

ཏ་ལེན་ཕྲག་ལ་ཁུར་ནས་ཡོང་ཚུལ་དང་༎

ཐ་མག་མི་འཐེན་ཡ་རབས་སྤྱོད་ཚུལ་དག།

ད་ནི་ཡིད་ལ་ཡང་ཡང་དྲན་ཐེངས་རེར༎

ན་ཟུག་སྙིང་ནས་ལངས་བྱུང་སེམས་ཀྱི་གྲོགས༎

 

པ་ཕ་བུ་མོས་དྲན་དུས་ཡིད་རེ་སྐྱོ༎

ཕ་ཡབ་བུ་ཡིས་གླེང་དུས་སེམས་རེ་སྡུག།

བ་མོ་ཞབས་པའི་མེ་ཏོག་རྐང་གཉིས་འདིར༎

མ་མ་ང་རང་མ་གཏོགས་སྐྱོང་མཁན་མེད༎

 

ཙ་གེ་ཙིག་གེ་དོན་དག་ཆེ་ཆུང་ཀུན༎

ཚ་གྲང་མེད་པར་རང་མགོར་ལྷུང་བའི་དུས༎

ཛ་བོ་ཁྱོད་ཀྱིས་བྱམས་བརྩེ་དྲན་ནས་ནི༎

ཝ་ལེར་མིག་ནས་མཆི་མ་དབང་མེད་ཤོར༎

 

ཞ་ཆག་འཐེམ་འཁུམ་མེད་པའི་བཟའ་ཚང་འདིར༎

ཟ་ནོར་ལོངས་སྤྱོད་འཛོམས་པ་སྐྱིད་པའི་དུས༎

འ་ཅག་མ་བུ་བསྐྱུར་ནས་སོང་བའི་ཁྱོད༎

ཡ་ཁོག་སྙིང་ནས་དྲན་དུས་ཡང་རེ་སྐྱོ༎

 

ར་སྐོར་ཕྱི་ནང་ཁྱོད་ནི་མེད་གྱུར་ན༎

ལ་ལུང་མི་ཡིས་གང་ཡང་སྟོང་པ་འདྲ༎

ཤ་ཚ་ཆེ་བའི་གཏན་གྲོགས་ཁྱོད་མེད་ན༎

ས་སྟེང་གསེར་གྱིས་གང་ཡང་དགོས་པ་ཅི༎

 

ཧ་ཅང་ལས་དབང་དམན་པའི་ཕྲན་ཆུང་ངས།།

ཨ་རོགས་སེམས་ཀྱི་མཛའ་བོ་དྲན་དྲག་པས༎

གང་བྱུང་བྲིས་པའི་དྲན་པའི་གདུང་དབྱངས་འདི༎

མ་ཎིའི་དབྱངས་བཅས་ཕྱི་མའི་ལམ་ལ་བསྲིངས༎


  • ལེ་ཚན་སྔོན་མ།:དེང་རབས་གཞོན་ནུའི་ངང་ཚུལ།
  • ལེ་ཚན་རྗེས་མ།:ན་ཆུང་།