དེང་རབས་གཞོན་ནུའི་ངང་ཚུལ།

འབྲས་ཚལ་བསྟན་པ་རབ་རྒྱས། དཀར་མཛེས།        2018-01-15

གནའ་སྲོལ་བཟང་པོའི་རྒྱུན་ཐག་རྩད་ནས་ཆད།།

དེང་སྲོལ་དག་མའི་ཞབས་རྗེས་རིང་དུ་གྱེས།།

རྨོངས་པའི་རྒྱར་ཚུད་གཞོན་ནུ་མགོ་སྟོང་ཚོའི།།

དེ་ཉིད་མཐོང་བས་ཚིག་གསུམ་ངག་ནས་ཐལ།།

 

དགོང་མོར་མི་ཉལ་དུད་འགྲོ་རྟ་ཡི་གཤིས།།

ཞོགས་པར་མི་ལངས་གཏི་མུག་ཕག་གི་གཤིས།།

ཟ་དགའ་ཉལ་སྐྱིད་དེང་རབས་གཞོན་ནུའི་གཤིས།།

མི་འདོད་འཁང་ར་བྱེད་པ་ང་ཡི་གཤིས།།

 

རྒྱུ་འབྲས་བློ་མིག་ནམ་མཁའི་འཇའ་ལྟར་ཡལ།།

མེས་པོའི་ཞལ་གདམས་ལམ་ཁའི་རྩྭ་བཞིན་དོར།།

ཁེ་ཞིག་ཡོད་ན་ཕ་དང་མ་ཡང་འཚོང་།།

དེང་རབས་གཞོན་ནུའི་རྣམ་ཐར་བསམ་མི་ཁྱབ།།

 

ཞལ་ནས་བོད་དང་རིགས་ཀྱི་ལ་རྒྱ་གསུང་།།

དོན་ལ་རྣམ་ཤེས་ལྟ་ངན་དུག་གིས་སྦགས།།

སྤྱོད་པ་ཡ་མ་ཟུང་གིས་དུས་འདའ་བའི།།

ཁྲེལ་འདས་དེང་རབས་གཞོན་ནུ་ངོ་མཚར་ཆེ།།

 

རིག་པའི་གནས་ལ་གོ་ཐོས་རི་བོང་རྭ།།

རྣམ་གཡེང་ཆོས་ལ་མཐོང་རྒྱ་མཁའ་ལྟར་ཡངས།།

དེང་རབས་གཞོན་ནུ་ཤོ་ཆང་ཉམས་ལེན་ཅན།།

མི་རིགས་འཇའ་ལུས་དེངས་པའི་སྒོམ་ཆེན་ཡིན།།

 

མགོ་བདེ་དྲན་འཕྲུལ་ཚུགས་མེད་རང་ཐོག་ངར།།

ཟས་ཤིག་རྙེད་ན་དགྲ་ཡང་གོང་དུ་བཀུར།།

ལས་ཤིག་ཐུག་ན་ཕ་ཡང་ལོགས་སུ་སྐྱུར།།

དྲིན་གཟོ་རྒྱུ་འབྲས་མི་ཤེས་གཞོན་ནུ་མཚར།།

 

སྐྲ་བསྒྱུར་རྣ་ཕུག་དོར་མ་རྐང་ཕྲ་གྱོན།།

ཕྱི་ཡི་རྣམ་པས་དེང་སྲོལ་ལད་མོ་བྱེད།།

ནང་གི་ཤེས་ཡོན་ལྷས་མཐའི་གཡག་དང་མཚུངས།།

ཕྱི་ནང་མི་གཅིག་དེང་རབས་གཞོན་ནུ་མཚར།།

 

དྲིན་ཅན་མི་ལ་དྲིན་ལན་འཇལ་འདོད་མེད།།

ཚུལ་ལྡན་བཤེས་ལ་དང་བའི་དད་པ་མེད།།

བླང་དོར་གནས་ལ་རྣམ་འབྱེད་བློ་དཔྱོད་མེད།།

མེད་གསུམ་མཐར་ཕྱིན་དེང་གི་གཞོན་ནུ་མཚར།།

 

ཕ་མ་མགོ་སྐོར་གཏོང་བའི་རྫུ་འཕྲུལ་ཡོད།།

ཕ་ནོར་འཕྲོ་བརླག་གཏོང་བའི་ནུས་མཐུ་ཡོད།།

ཕ་སྐད་རླུང་ལ་སྐུར་བའི་མཐུ་སྟོབས་ཡོད།།

ཡོད་གསུམ་མཐར་ཕྱིན་དེང་གི་གཞོན་ནུ་མཚར།།

 

ཕ་མའི་དཀའ་སྡུག་ཡ་ཁུངས་སེམས་ལ་མེད།།

གསར་འགྲོགས་བྱམས་པའི་ཞལ་རས་སྙིང་ལ་ཡོད།།

རྣམ་ཀུན་སྤྲིན་ལ་ལྡིང་བའི་ཁེངས་དྲེགས་ཅན།།

དེང་གི་གཞོན་ནུ་འགའ་རེ་དགོད་རེ་བྲོ།།


  • ལེ་ཚན་སྔོན་མ།: འབོད་སྐུལ་དུང་གི་སྒྲ་དབྱངས།
  • ལེ་ཚན་རྗེས་མ།:ཀ་རྩོམ་དྲན་པའི་གདུང་དབྱངས།