མི་ཡུལ་གྱི་ལས་དབང་།

ཏྲེ་ཧོར་བ་ཟླ་བ་ཚེ་རིང་། དཀར་མཛེས།        2018-01-15

འོད་ལྔ་འཇའ་ལམ་འཁྲིགས་པའི་གུར་ཁྱིམ་གྱི་ཀློང་ནས།།
རྒྱུད་དྲུག་སོར་མོའི་འཕྲོ་འདུ་རང་བྱུང་དུ་འཆར་བའི།།
ཀུན་ཁྱབ་སྒྲ་དབྱངས་རྒྱ་མཚོ་སྙིང་བཅུད་དུ་སྨིན་པ།།
ངག་རིག་རྣམ་པར་དགེ་བའི་གྲོགས་དན་ལ་བྱོན་དང་།།

འཇའ་རིས་སྨུག་པར་ཐིམ་པའི་འོབས་འགྱུ་ཡི་ཀློང་གི།
ཟུག་རྔུ་གཏིང་ནས་འབྱིན་པའི་འོ་དོད་ཀྱི་སྡར་སྐད།།
གྲིབ་སོ་ནུབ་ལ་གཏད་པའི་དུར་བྱང་གི་ངོས་ནས།།
སྙིང་ཆུང་དུམ་བུར་གཏུབ་པར་སྤུ་གྲི་ལས་རྣོ་བ།།

རླབས་ཕྲེང་རྫ་ལ་བརྡབ་པའི་རྫུན་རིས་ཀྱི་སྟོང་གཏམ།།
བྱང་ཐང་རླུང་འཚུབ་ཅིག་གིས་བྲག་ཆ་བཞིན་སྐོར་དུས།།
ཉི་རྒས་དྲོད་ལ་གཞའ་བའི་མོག་མོག་གི་རྣ་བར།།
ཀླད་ཁྲག་རྨང་ནས་བསྲེས་པའི་རིམས་ནད་དུ་གྱུར་སྐད།།

གདུང་བའི་མཆི་མས་བྲན་པའི་དཀའ་སྡུག་གི་འོག་ནས།།
དར་མའི་ལང་ཚོའི་ཕྲེང་གོག་ས་མཐའ་ནས་རྫོགས་ཀྱང་།།
སྙིང་ལ་སིམ་པ་སྟེར་བའི་ངལ་གསོ་ཡི་འབབ་སྟེགས།།
དམ་པའི་ལྷ་ཆོས་གཙང་མ་སེམས་ཁོང་ན་མ་ཞུགས།། 

རྨུ་ཐག་ལྷ་ཡིས་འཛིན་པའི་འཁྲུལ་སྣང་གི་བརྡ་ལ།།
ཞེན་ཆགས་ཨ་འཐས་ཤ་རུས་ཁྲག་རྒྱུད་ལ་ཟུག་པས།།
མི་གཙང་ངན་སྐྱུག་འཆི་མེད་བདུད་རྩི་རུ་བསྒོམས་པ།།
འདོད་རྒུ་བྲན་ལ་བཀོལ་བའི་རྙིང་ཞེན་གྱི་གཞི་མ།།

གསོན་དུས་གདོན་ལ་བཟུང་སྟེ་མཐུ་བཟློག་གི་དམོད་ཡུལ།།
ཤི་རྗེས་ལྷ་རུ་བཀུར་ཏེ་བེམ་རོ་ཡི་བྱིན་རླབས།།
རང་ནོར་ཉམས་ཀྱིས་མ་ཆོད་འཕོངས་ཕྱིས་ལ་སྤྱད་དེ།།
གཞན་གྱི་མཆིང་བུ་ལེན་པ་ཀླད་མེད་ཀྱི་སྟོང་བསམ།།

ཡོད་ཚེ་ཐུ་ལུད་ངན་དགུས་མཐའ་འཁོབ་ཏུ་སྤྱུགས་ཤིང་།།
མེད་དུས་ཕོངས་སེམས་སྨྲེ་ངག་ཡིག་དྲུག་བཞིན་ཟློ་བ།།
བྱ་ཕོའི་མགྲིན་པ་སྤུ་གྲིའི་སོ་ཁ་རུ་བསྐྱལ་ཏེ།།
བོང་བུས་ནམ་ཚོད་འཛིན་པའི་རེ་སྒུག་ལ་འཐམས་སོང་།།

རང་སྟོང་གདུང་བའི་མྱོང་ཚོར་སྤུ་ཉག་ལས་མེད་ཀྱང་།།
གཞན་གྱི་ཕུན་ཚོགས་སྡང་སེམས་རི་རབ་ལས་ལྕི་བ།།
འཁྲེང་ཞེན་འཇུག་ལྡོག་འཛོལ་བའི་རྒྱ་ཁྲོམ་གྱི་ཀློང་ན།།
ཞེན་འདང་གཙང་མའི་འཆི་སྐད་སུ་ཞིག་གིས་ཐོས་སམ།།

གདོས་བཅས་རུས་གོང་ལྷོ་ནས་ཐོར་ཞིག་ཏུ་གྱུར་ཡང་།།
སྙིང་གི་འཁྲེང་ཞེན་བྱང་མའི་གྲང་ངར་ལ་གཏད་ཡོད།།
ལོ་མ་སེར་པོའི་ལྡིང་སྐོར་མཁའ་མཐའ་ནས་ཡལ་བ།།
ལུས་སྲོག་བརྒྱུས་ཐག་ཆོད་པའི་མཚན་མ་རུ་གསལ་སྐད།།

རྣམ་ཤེས་ཁྲག་ལ་ཐིམ་པའི་རྟ་ཕོ་ཡི་རྨིག་སྒྲ།།
ལ་སྟོད་རྫ་ལུང་ཀློང་ནས་གངས་འཁྱགས་ཀྱིས་བཟུང་བས།།
ངང་མོའི་སྡོམ་སྐད་ཁ་ཆར་རླུང་འཚུབ་ལ་ཐིམ་པར།།
འགྱོད་གདུང་མཆི་མ་འགོག་པའི་སྐལ་བ་ཞིག་མ་ལྡན།།

ལིང་ལིང་སྣང་བ་བཀྲ་བའི་ཚོགས་འདུས་ཀྱི་གཞི་མར།།
དཔྱད་ན་མི་བདེན་སྒྱུ་མའི་འཛུམ་རིས་ཀྱི་རང་གཤིས།།
འདི་ཀོ་གཞི་མེད་རྩ་བྲལ་སྟོང་ཆེན་དུ་ཤར་བ།།
སྣང་སྲིད་བདེ་ལ་བཀོད་པའི་ཐབས་མཆོག་དེ་ཡིན་སྐད།།

ཤ་ཐོག་མེ་བཙའ་འབར་བའི་རིག་བྱེད་ཀྱི་བརྡ་ཐབས།།
འདོད་འཇོ་དབྱངས་ལ་བཀུག་པའི་ཚངས་ཐིག་གི་རི་མོ།།
མར་གྱུར་འགྲོ་བ་སུ་ཡི་ཚོར་ཤེས་དང་ཕྲད་ཀྱང་།།
སྙིང་ལ་སིམ་པའི་དགའ་སྟོན་འཛད་མེད་དུ་ཐོབ་ཅིག།


  • ལེ་ཚན་སྔོན་མ།:སྙན་ངག་པ་ནག་མོ་ཁོལ།
  • ལེ་ཚན་རྗེས་མ།:འཁོར་བ།