རང་ཁུལ་གྱིས་ཧ་ཅང་དབུལ་པོའི་དབུལ་ཐར་འགག་སྒྲོལ་གྱི་སྐུལ་སློང་དང་ལས་ཀ་བཀོད་སྒྲིག་བྱས་པའི་ཚོགས་འདུ་འཚོགས།

བདེ་སྐྱིད་ཀྱིས་བསྒྱུར།        2018-01-15

    ཟླ་བ་དང་པོའི་ཚེས7ཉིན་གྱི་ཕྱི་དྲོར། ཁུལ་ཡོངས་ཀྱི་ཧ་ཅང་དབུལ་པོའི་དབུལ་ཐར་འགག་སྒྲོལ་གྱི་སྐུལ་སློང་དང2018ལོའི་ལས་ཀ་བཀོད་སྒྲིག་བརྙན་འཕྲིན་ཁ་པར་ཚོགས་འདུ་དེ་དར་མདོར་འཚོགས་ཤིང་། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་བ་རེད། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཞའོ་ཡིའུ་ཚའེ་ཡིས་ཚོགས་འདུ་གཙོ་འགན་བཞེས་པ་དང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ལི་ཁང་། ཁུལ་སྲིད་གྲོས་ཀྲུའུ་ཞི་བྱང་ཆུབ་ཚོགས་འདུར་ཞུགས་པ་རེད། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ལི་ཅང་གིས2017ལོའི་ཁུལ་ཡོངས་ཀྱི་དབུལ་ཐར་འགག་སྒྲོལ་ལས་ཀ་བསྒྲུབས་ཚུལ་བརྡ་ཁྱབ་བྱས་པ་དང2018ལོའི་ལས་ཀར་བཀོད་སྒྲིག་བྱས་པ་རེད།

    ལིའུ་ཁྲེང་མིང་གིས་བསྟན་དོན། ཧ་ཅང་དབུལ་པོའི་དབུལ་ཐར་འགག་སྒྲོལ་ལས་རྒྱལ་ཁ་བླང་ཐུབ་རྒྱུ་ནི་རང་ཁུལ་གྱི་ཆབ་སྲིད་དང་བསམ་བློ། བྱ་སྤྱོད་བཅས་ཀྱི་ཐོག་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་མཐུན་ཡོང་བ་དང་འབྲེལ་བ་ཡོད་པ་དང་། འདུ་ཤེས་བཞི་བརྟན་པོ་བཅང་པའི་ཞིབ་ཕྲའི་མཚོན་ཚུལ་ཡིན་ལ། ཁུལ་ཡོངས་ཀྱི་མི་དམངས་བདེ་སྐྱིད་ཡོང་རྒྱུ་དང་། རྒྱལ་ཡོངས་དང་ཞིང་ཆེན་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་སུ་བསྐྱོད་པའི་དོན་ཆེན་ཨང་དང་པོ་ཡང་ཡིན་པ་རེད། 2015ལོ་ནས་བཟུང་། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ཐུན་མོང་ཐོག་འབད་བརྩོན་བྱས་པར་བརྒྱུད། དུས་རབས་གསར་པའི་ཧ་ཅང་དབུལ་པོའི་དབུལ་ཐར་འགག་སྒྲོལ་ལས་རྒྱལ་ཁ་མཐའ་གཅིག་ཏུ་བླང་ཆེད་ཆ་རྐྱེན་གལ་ཆེན་འདོན་སྤྲོད་བྱས་ཡོད་པ་རེད།

    ལིའུ་ཁྲེང་མིང་གིས་ནན་གསུང་གནང་དོན། ཡིན་ནའང་དམིགས་བསལ་གྱི་ལོ་རྒྱུས་དང་ས་ཁམས། རང་བྱུང་སོགས་ཕྱོགས་བསྡུས་འགོག་རྐྱེན་ཐེབས་ནས་རང་ཁུལ་གྱི་ཧ་ཅང་དབུལ་པོའི་དབུལ་ཐར་འགག་སྒྲོལ་ལས་ཀར་ད་དུང་ཕྱོགས་དྲུག་གི་ཐད་འཕོ་འགྱུར་རྩ་བ་ནས་བྱུང་མེད་པ་རེད། གཅིག་ནི་ཧ་ཅང་དབུལ་པོའི་ད་ལྟའི་གནས་ཚུལ་རྩ་བ་ནས་འགྱུར་མེད་པ་དང་། གཉིས་ནི་ཡོང་འབབ་རྒྱུན་མཐུད་ངང་འཕར་སྣོན་ཡོང་བའི་ད་ལྟའི་དཀའ་ངལ་ཆེ་བའི་གནས་ཚུལ་རྩ་བ་ནས་འགྱུར་མེད། གསུམ་ནི་དམངས་འཚོའི་ཞན་ཆ་མངོན་གསལ་དོད་པོ་ཡིན་པའི་ད་ལྟའི་གནས་ཚུལ་རྩ་བ་ནས་འགྱུར་མེད། བཞི་ནི་མང་ཚོགས་ཀྱི་ནང་གནས་སྒུལ་ཤུགས་མི་འདང་བའི་ད་ལྟའི་གནས་ཚུལ་རྩ་བ་ནས་འགྱུར་མེད། ལྔ་ནི་ལས་བྱེད་པའི་འཇོན་ནུས་དང་བྱང་ཚད་ཆེན་པོ་མེད་པའི་ད་ལྟའི་གནས་ཚུལ་རྩ་བ་ནས་འགྱུར་མེད། དྲུག་ནི་ཁྲིམས་ལྟར་ཁུལ་སྐྱོང་མུ་མཐུད་ནས་སྐུལ་འདེད་གཏང་དགོས་པའི་ད་ལྟའི་གནས་ཚུལ་རྩ་བ་ནས་འགྱུར་མེད་པ་བཅས་སོ།།

     ལིའུ་ཁྲེང་མིང་གིས་ནན་གསུང་གནང་དོན། གཅིག་ནས་ཆབ་སྲིད་ཀྱི་ལངས་གནས་མཐོ་རུ་བཏང་ནས་འགག་སྒྲོལ་གྱི་བསམ་བློ་བརྟན་པོ་བཅང་དགོས་པ་དང་། གཉིས་ནས་ཚན་རིག་དང་མཐུན་པའི་ངང་འགག་སྒྲོལ་སྟོབས་ཤུགས་ལེགས་འགྱུར་བྱ་དགོས། གསུམ་ནས་གཙོ་གནད་དང་དཀའ་གནད་ལ་དམིགས་ནས་འགག་སྒྲོལ་བྱེད་ཤུགས་ཆེ་རུ་གཏང་དགོས། བཞི་ནས་ཁྱོན་ཡོངས་ནས་མཉམ་འགུལ་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་འགག་སྒྲོལ་ཐོན་ཁུངས་བསྡུ་སྒྲིལ་བྱ་དགོས། ལྔ་ནས་སློབ་གསོའི་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་བཏང་ནས་འགག་སྒྲོལ་གྱི་སྒུལ་ཤུགས་ཆེ་རུ་གཏང་དགོས། དྲུག་ནས་རྩ་ལག་མཉམ་བཅོས་རྒྱུན་འཁྱོངས་བྱས་ཏེ་འགག་སྒྲོལ་གྱི་དཔུང་ཁག་སྲ་བརྟན་འཛུགས་དགོས། བདུན་ནས་སེམས་ཤུགས་གཅིག་སྒྲིལ་བྱས་ཏེ་འགག་སྒྲོལ་ལས་ཀ་ཡག་པོ་བསྒྲུབ་དགོས། བརྒྱད་ནས་ལས་ཀའི་དཔྱད་ཞིབ་ནན་པོ་དང་འགག་སྒྲོལ་སྒྲིག་ཁྲིམས་ནན་པོར་བྱས་ནས་དབུལ་སྐྱོར་ལས་གཞི་ཉེན་མེད་དང་མ་དངུལ་བདེ་འཇགས། ལས་བྱེད་པ་སྐྱོན་མེད་ཡོང་བར་འགན་ལེན་བྱ་དགོས།། 


  • ལེ་ཚན་སྔོན་མ།:དཀར་མཛེས་ཉིན་རེའི་ཚགས་པར་ཁང་གི་ཚགས་པར་བགྲོ་གླེང་གྲོས་ཚོགས།
  • ལེ་ཚན་རྗེས་མ།:དཀར་མཛེས་ཉིན་རེའི་ཚགས་པར་ཁང་གིས་མང་ཚོགས་ལས་ཀ་རྒྱུན་རྣམ་ཅན་དུ་སྤེལ།
  • དོ་སྣང་ཆེ་བའི་རྩོམ།