སྡེ་དགེའི་མདུན་བྲོ།

རབ་བརྟན་དགེ་ལེགས་ཕུན་ཚོགས།        2018-01-09

སྡེ་དགེའི་མདུན་བྲོ།

དང་པོ། འཛོམས་བྲོ།

༼  ༡༽

གཅིག་འཛོམས་ཨ་སྔོན་མཐོན་པོ། །

གཉིས་འཛོམས་ནམ་མཁའི་ཉི་ཟླ། །

སུམ་འཛོམས་སྐར་ཚོགས་ཕྱུག་མོ། །

འཛོམས་གསུམ་རྟེན་འབྲེལ་འགྲིག་ཤོག །

གཅིག་འཛོམས་གངས་སྟོད་མཐོན་པོ། །

གཉིས་འཛོམས་སེང་ལྕང་དཀར་མོ། །

སུམ་འཛོམས་གཡུ་རལ་ལེབ་མོ། །

འཛོམས་གསུམ་རྟེན་འབྲེལ་འགྲིག་ཤོག །

གཅིག་འཛོམས་བྲག་སྟོད་མཐོན་པོ། །

གཉིས་འཛོམས་ཐང་དཀར་རྒོད་པོ། །

སུམ་འཛོམས་གཤོག་དྲུག་ལེབ་མོ། །

འཛོམས་གསུམ་རྟེན་འབྲེལ་འགྲིག་ཤོག །

གཅིག་འཛོམས་ནགས་སྟོད་མཐོན་པོ། །

གཉིས་འཛོམས་སྟག་མོ་དམར་ཡག །

སུམ་འཛོམས་གྲ་འཛུམ་ལེབ་མོ། །

འཛོམས་གསུམ་རྟེན་འབྲེལ་འགྲིག་ཤོག །

༼  ༢༽

ཨ་སྔོན་མཐོན་པོའི་དཀྱིལ་ལ། །

གཅིག་འཛོམས་ཉིས་འཛོམས་སུམ་འཛོམས། །

གཅིག་འཛོམས་ཁྲི་གདུགས་ཉི་མ། །

ཉིས་འཛོམས་ངང་སེར་ཟླ་བ། །

སུམ་འཛོམས་སྐར་བརྒྱ་མང་མ། །

གསལ་མོ་སུམ་གསུམ་གྲལ་འགྲིགས། །

འཛོམས་གསུམ་རྟེན་འབྲེལ་འགྲིག་ཤོག །

གངས་སྟོད་མཐོན་པོའི་དཀྱིལ་ལ། །

གཅིག་འཛོམས་ཉིས་འཛོམས་སུམ་འཛོམས། །

གཅིག་འཛོམས་སེང་ལྕང་དཀར་མོ། །

ཉིས་འཛོམས་གཡུ་རལ་ལེབ་མོ། །

སུམ་འཛོམས་སེང་ཕྲུག་མང་མ། །

མཛེས་མོ་སུམ་གསུམ་གྲལ་འགྲིགས། །

འཛོམས་གསུམ་རྟེན་འབྲེལ་འགྲིག་ཤོག །

བྲག་སྟོད་མཐོན་པོའི་དཀྱིལ་ལ། །

གཅིག་འཛོམས་ཉིས་འཛོམས་སུམ་འཛོམས། །

གཅིག་འཛོམས་ཐང་དཀར་རྒོད་པོ། །

ཉིས་འཛོམས་ཐང་སྨུག་རོག་པོ། །

སུམ་འཛོམས་བྱ་བརྒྱ་མང་མ། །

གཤོག་ཡག་སུམ་གསུམ་གྲལ་འགྲིགས། །

འཛོམས་གསུམ་རྟེན་འབྲེལ་འགྲིག་ཤོག །

ནགས་སྟོད་མཐོན་པོའི་དཀྱིལ་ལ། །

གཅིག་འཛོམས་ཉིས་འཛོམས་སུམ་འཛོམས། །

གཅིག་འཛོམས་སྟག་མོ་དམར་ཡག །

ཉིས་འཛོམས་ཝ་མོ་གྲ་ཡག །

སུམ་འཛོམས་གཅན་གཟན་མང་མ། །

གྲ་ཡག་སུམ་གསུམ་གྲལ་འགྲིགས། །

འཛོམས་གསུམ་རྟེན་འབྲེལ་འགྲིག་ཤོག །

 ༼  ༣༽

དགུང་སྔོན་མཐོན་པོའི་དཀྱིལ་ལ། །

གཅིག་འཛོམས་ཉིས་འཛོམས་སུམ་འཛོམས། །

གཅིག་འཛོམས་ཁྲི་གདུགས་ཉི་མ། །

ཉིས་འཛོམས་ངང་སེར་ཟླ་བ། །

སུམ་འཛོམས་སྐར་མ་སྨིན་དྲུག །

འཛོམས་གསུམ་རྟེན་འབྲེལ་འགྲིག་བྱུང་། །

རི་རྒྱལ་ལྷུན་པོའི་མཐིལ་ལ། །

གཅིག་འཛོམས་ཉིས་འཛོམས་སུམ་འཛོམས། །

གཅིག་འཛོམས་སྟག་མོ་དམར་ཡག །

ཉིས་འཛོམས་གཟིག་ཕྲུག་ཐིག་ལེ། །

སུམ་འཛོམས་ཝ་མོ་གྲ་ཡག །

འཛོམས་གསུམ་རྟེན་འབྲེལ་འགྲིག་བྱུང ་། །

དགོན་ཆུང་ཁྲ་མོའི་མཐིལ་ལ། །

གཅིག་འཛོམས་ཉིས་འཛོམས་སུམ་འཛོམས། །

གཅིག་འཛོམས་བླ་ལུའི་གསུང་སྐད། །

ཉིས་འཛོམས་སེང་ལྡེང་ཌཱ་ཆུང་། །

སུམ་འཛོམས་དངུལ་དཀར་དྲིལ་ཆུང་། །

འཛོམས་གསུམ་རྟེན་འབྲེལ་འགྲིག་བྱུང ་། །

༼  ༤༽

ལྷ་སའི་མཐིལ་ནས་ཡོང་བའི། །

སེར་པོ་གསེར་གྱི་བུམ་ཆུང་། །

རྒྱ་གར་ཡུལ་ནས་ཡོང་བའི། །

རྒྱ་གར་རྨ་བྱའི་སྒྲོ་མདོངས། །

ཁ་ཆེའི་ཡུལ་ནས་ཡོང་བའི། །

ཁ་ཆེའི་བུམ་རྫས་སྣ་ལྔ། །

དེ་གསུམ་མི་གཅིག་ཁ་ཁ། །

འཛོམས་ས་བླ་ལུའི་ཕྱག་ལ། །

ཚ་བ་རོང་ནས་སྐྱེས་པའི། །

ཚ་བའི་སྨྱུག་མ་ཚིགས་གསུམ། །

བྲག་དཀར་དཀྱིལ་ནས་ཡོང་བའི། །

ཐང་དཀར་རྒོད་པོའི་གཤོག་སྒྲོ། །

སེ་གྲགས་ཡུལ་ནས་ཡོང་བའི། །

སྔོན་མོ་ལྕགས་ཀྱི་དགྲ་མདེལ། །

དེ་གསུམ་མི་གཅིག་ཁ་ཁ། །

འཛོམས་ས་ཤར་ལུའི་ཕྱག་ལ། །

ཟི་ལིང་ཡུལ་ནས་ཡོང་བའི། །

ཟངས་དཀར་དཀར་མོ་ལུང་བརྒྱད། །

ནག་པོ་རྒྱ་ནས་ཡོང་བའི། །

རྒྱ་ཇ་མེ་ཏོག་གཡང་མཛེས། །

སྒང་པ་བོད་ནས་ཡོང་བའི། །

འབྲི་མར་སེར་པོའི་ཁ་རྒྱན། །

དེ་གསུམ་མི་གཅིག་ཁ་ཁ། །

འཛོམས་ས་མ་སྲུའི་ཕྱག་ལ། །

༼  ༥༽

སྟོད་རིའི་སྟོད་ཀྱི་ཕྱོགས་ལ། །

གཙང་སྟོད་བཀྲ་ཤིས་ལྷུན་པོ། །

ཆོས་ཀྱི་ལྟག་སྒོ་བཙུགས་ཡོད། །

བན་ཆུང་ཆོས་ལ་བྱོན་མི། །

རིག་འཛིན་ཚངས་དབྱངས་རྒྱ་མཚོ། །

ལྟག་སྒོ་ནང་ནས་ཕེབས་ཤོག །

བར་རིའི་བར་གྱི་ཕྱོགས་ལ། །

ལྷ་སའི་ཆོས་འཁོར་ཁྲ་མོ། །

ཁྲིམས་ཀྱི་ལྟག་སྒོ་བཙུགས་ཡོད། །

དཔོན་ཆུང་ཁྲིམས་ལ་བྱོན་མི། །

མི་དབང་སྡེ་སྲིད་ཆེན་པོ། །

ལྟག་སྒོ་ནང ་ནས་ཕེབས་ཤོག །

སྨད་རིའི་སྨད་ཀྱི་ཕྱོགས་ལ། །

ཁྲ་མོ་གླིང་དཀར་ས་ཆ། །

གནས་ཀྱི་ལྟག་སྒོ་བཙུགས་ཡོད། །

སྲུ་ཆུང་གནས་ལ་བྱོན་མི། །

སྐྱ་ལོའི་སེང་ལྕམ་འབྲུག་མོ། །

ལྟག་སྒོ་ནང་ནས་ཕེབས་ཤོག །

༼  ༦༽

རི་རྒྱལ་མགོ་ལ་ཞྭ་གསུམ་འཛོམས། །

ཁྲི་གདུགས་ཉི་མའི་ཞྭ་དང་གཅིག །

ངང་སེར་ཟླ་བའི་ཞྭ་དང་གཉིས། །

སྐར་མ་སྨིན་དྲུག་ཞྭ་དང་གསུམ །

རི་རྒྱལ་སྐེད་ལ་གོས་གསུམ་འཛོམས། །

གངས་རི་དཀར་པོའི་གོས་དང་གཅིག །

རྫ་རི་སྨུག་པོའི་གོས་དང་གཉིས། །

སྤང་རི་སྨུག་པོའི་གོས་དང་གསུམ། །

རི་རྒྱལ་འདབས་ལ་ལྷམ་གསུམ་འཛོམས། །

ཆུ་བོ་གངྒཱའི་ལྷམ་དང་གཅིག །

ཡར་ལུང་གཙང་པོའི་ལྷམ་དང་གཉིས། །

གསེར་ལྡན་ཕྱུག་མོའི་ལྷམ་དང་གསུམ། །

༼  ༧ ༽

ཨ་སྔོན་སྐྱིད་བཟང་མཐོ་དང་གཅིག །

ཉི་ཟླ་དེ་ལ་འཁོར་དང་གཉིས། །

སྐར་ཚོགས་དེ་ལ་རྒྱན་དང་གསུམ། །

རྒྱན་དེ་གསུམ་འཛོམས་ན་ཕུན་སུམ་ཚོགས། །

གངས་སྟོད་སྐྱིད་བཟང་མཐོ་དང་གཅིག །

སེང་ལྕམ་དེ་ལ་འཁོར་དང་གཉིས། །

གཡུ་རལ་དེ་ལ་རྒྱན་དང་གསུམ། །

རྒྱན་དེ་གསུམ་འཛོམས་ན་ཕུན་སུམ་ཚོགས། །

བྲག་སྟོད་སྐྱིད་བཟང་མཐོ་དང་གཅིག །

ཐང་དཀར་དེ་ལ་འཁོར་དང་གཉིས། །

གཤོག་དྲུག་དེ་ལ་རྒྱན་དང་གསུམ། །

རྒྱན་དེ་གསུམ་འཛོམས་ན་ཕུན་སུམ་ཚོགས། །

ནགས་སྟོད་སྐྱིད་བཟང་མཐོ་དང་གཅིག །

སྟག་མོ་དེ་ལ་འཁོར་དང་གཉིས། །

གྲ་འཛུམ་དེ་ལ་རྒྱན་དང་གསུམ། །

རྒྱན་དེ་གསུམ་འཛོམས་ན་ཕུན་སུམ་ཚོགས། །

ཡང་ན།

དགོན་སྟོད་སྐྱིད་བཟང་ཡག་དང་གཅིག །

ལྷ་བླ་ལུ་དེ་ལ་འཁོར་དང་གཉིས། །

འདབས་གྲྭ་ཚང་དེ་ལ་རྒྱན་དང་གསུམ། །

རྒྱན་དེ་གསུམ་འཛོམས་ན་ཕུན་སུམ་ཚོགས། །

སྡེ་སྟོད་སྐྱིད་བཟང་ཡག་དང་གཅིག །

གོང་དཔོན་ལུ་དེ་ལ་འཁོར་དང་གཉིས། །

འོག་སྡེ་དེ་ལ་རྒྱན་དང་གསུམ། །

རྒྱན་དེ་གསུམ་འཛོམས་ན་ཕུན་སུམ་ཚོགས། །

གྲོང་སྟོད་སྐྱིད་བཟང་ཡག་དང་གཅིག །

མ་སྲུ་ལུ་དེ་ལ་འཁོར་དང་གཉིས། །

སྨན་ཆུང་དེ་ལ་རྒྱན་དང་གསུམ། །

རྒྱན་དེ་གསུམ་འཛོམས་ན་ཕུན་སུམ་ཚོགས། །

༼  ༨༽

གནམ་ཨ་སྔོན་ཆགས་ལུགས་ཡག་དང་གཅིག །

གསལ་ཉི་ཟླ་བཞུགས་ལུགས་ཡག་དང་གཉིས། །

ཟུར་སྐར་ཚོགས་རྒྱན་ལུགས་ཡག་དང་གསུམ། །

རྒྱན་དེ་གསུམ་འཛོམས་ན་ཕུན་སུམ་ཚོགས། །

གངས་མཐོན་པོ་ཆགས་ལུགས་ཡག་དང་གཅིག །

སེང་དཀར་མོ་བཞུགས་ལུགས་ཡག་དང་གཉིས། །

མགོ་གཡུ་རལ་རྒྱན་ལུགས་ཡག་དང་གསུམ། །

རྒྱན་དེ་གསུམ་འཛོམས་ན་ཕུན་སུམ་ཚོགས། །

བྲག་མཐོན་པོ་ཆགས་ལུགས་ཡག་དང་གཅིག །

རྒོད་ཐང་དཀར་བཞུགས་ལུགས་ཡག་དང་གཉིས། །

ལུས་གཤོག་དྲུག་རྒྱན་ལུགས་ཡག་དང་གསུམ། །

རྒྱན་དེ་གསུམ་འཛོམས་ན་ཕུན་སུམ་ཚོགས། །

ནགས་མཐོན་པོ་ཆགས་ལུགས་ཡག་དང་གཅིག །

སྟག་དམར་ཡག་བཞུགས་ལུགས་ཡག་དང་གཉིས། །

ལུས་གྲ་འཛུམ་རྒྱན་ལུགས་ཡག་དང་གསུམ། །

རྒྱན་དེ་གསུམ་འཛོམས་ན་ཕུན་སུམ་ཚོགས། །

 ༼  ༩༽

དགུང་སྔོན་དཀྱིལ་ལ་འཛོམས་པ་ཡག་བྱུང་། །

ཉི་མ་ཟླ་བ་སྐར་མ་སུམ་འཛོམས། །

སྐྱེ་ས་མི་གཅིག་ཁ་ཁ་སོ་སོ། །

འཛོམས་ས་གཅིག་པ་དགུང་སྔོན་དཀྱིལ་ལ། །

བྲག་སྟོད་དཀྱིལ་ལ་འཛོམས་པ་ཡག་བྱུང་། །

ཁྲ་ཕྲུག་གླག་ཕྲུག་རྒོད་ཕྲུག་སུམ་འཛོམས། །

སྐྱེ་ས་མི་གཅིག་ཁ་ཁ་སོ་སོ། །

འཛོམས་ས་གཅིག་པ་བྲག་སྟོད་དཀྱིལ་ལ། །

དགོན་ཆུང་དཀྱིལ་ལ་འཛོམས་པ་ཡག་བྱུང་། །

ཌཱ་ཆུང་དྲིལ་ཆུང་ཡིག་ཆུང་སུམ་འཛོམས། །

སྐྱེ་ས་མི་གཅིག་ཁ་ཁ་སོ་སོ། །

འཛོམས་ས་གཅིག་པ་དགོན་ཆུང་དཀྱིལ་ལ། །

རྒྱ་གྲོང་དཀྱིལ་ལ་འཛོམས་པ་ཡག་བྱུང་། །

བླ་ལུ་དཔོན་ལུ་སྲུ་ལུ་སུམ་འཛོམས། །

སྐྱེ་ས་མི་གཅིག་ཁ་ཁ་སོ་སོ། །

འཛོམས་ས་གཅིག་པ་རྒྱ་གྲོང་དཀྱིལ་ལ། །

བྲོ་རའི་དཀྱིལ་ལ་འཛོམས་པ་ཡག་བྱུང་། །

གཡུ་དང་བྱེ་རུ་སྤོས་ཤེལ་སུམ་འཛོམས། །

སྐྱེ་ས་མི་གཅིག་ཁ་ཁ་སོ་སོ། །

འཛོམས་ས་གཅིག་པ་མ་སྲུའི་དཀྱིལ་ལ། །

༼ ༡༠༽

ཨ་སྔོན་མཐོན་པོ་ཡང་དང་གཅིག །

གཙང་གཤིས་ཉི་ཟླ་ཡང་དང་གཉིས། །

སྐར་ཚོགས་ཕྱུག་མོ་ཟེར་དང་གསུམ། །

ཡབ་ཡུམ་སྲས་གསུམ་འཛོམས་དང་བཞི། །

བཀྲ་ཤིས་པའི་མི་རེས་ངག་རེ་བཀུག །

གཡང་ཆགས་པའི་མི་རེས་བྲོ་རེ་བརྡུང་། །

གངས་སྟོད་མཐོན་པོ་ཡང་དང་གཅིག །

སེང་ལྕང་དཀར་མོ་ཡང་དང་གཉིས། །

གཡུ་རལ་ལེབ་མོ་ཟེར་དང་གསུམ། །

ཡབ་ཡུམ་སྲས་གསུམ་འཛོམས་དང་བཞི། །

བཀྲ་ཤིས་པའི་མི་རེས་ངག་རེ་བཀུག །

གཡང་ཆགས་པའི་མི་རེས་བྲོ་རེ་བརྡུང་། །

བྲག་སྟོད་མཐོན་པོ་ཡང་དང་གཅིག །

ཐང་དཀར་རྒོད་པོ་ཡང་དང་གཉིས། །

གཤོག་དྲུག་ལེབ་མོ་ཟེར་དང་གསུམ། །

ཡབ་ཡུམ་སྲས་གསུམ་འཛོམས་དང་བཞི། །

བཀྲ་ཤིས་པའི་མི་རེས་ངག་རེ་བཀུག །

གཡང་ཆགས་པའི་མི་རེས་བྲོ་རེ་བརྡུང་། །

ནགས་སྟོད་མཐོན་པོ་ཡང་དང་གཅིག །

སྟག་མོ་དམར་ཡག་ཡང་དང་གཉིས། །

གྲ་འཛུམ་ལེབ་མོ་ཟེར་དང་གསུམ། །

ཡབ་ཡུམ་སྲས་གསུམ་འཛོམས་དང་བཞི། །

བཀྲ་ཤིས་པའི་མི་རེས་ངག་རེ་བཀུག །

གཡང་ཆགས་པའི་མི་རེས་བྲོ་རེ་བརྡུང་། །

༼ ༡༡༽

གཞི་ཨ་སྔོན་ཉི་ཟླ་སྐར་ཚོགས་བསྭོ། །

སང་ན་ཉིན་ཨེ་འཛོམས་བསམ་པ་ཡོད། །

སང་ན་ཉིན་མ་འཛོམས་ས་ཐག་རིང་། །

དུས་ད་ལོ་འཛོམས་བྱུང་དགའ་བ་ལ། །

གཞི་གངས་སྟོད་སེང་ལྕམ་གཡུ་རལ་བསྭོ། །

སང་ན་ཉིན་ཨེ་འཛོམས་བསམ་པ་ཡོད། །

སང་ན་ཉིན་མ་འཛོམས་ས་ཐག་རིང་། །

དུས་ད་ལོ་འཛོམས་བྱུང་དགའ་བ་ལ། །

གཞི་བྲག་སྟོད་ཐང་དཀར་གཤོག་དྲུག་བསྭོ། །

སང་ན་ཉིན་ཨེ་འཛོམས་བསམ་པ་ཡོད། །

སང་ན་ཉིན་མ་འཛོམས་ས་ཐག་རིང་། །

དུས་ད་ལོ་འཛོམས་བྱུང་དགའ་བ་ལ། །

གཞི་ནགས་སྟོད་སྟག་མོ་དམར་ཡག་བསྭོ། །

སང་ན་ཉིན་ཨེ་འཛོམས་བསམ་པ་ཡོད། །

སང་ན་ཉིན་མ་འཛོམས་ས་ཐག་རིང་། །

དུས་ད་ལོ་འཛོམས་བྱུང་དགའ་བ་ལ། །

སྡེ་དགེའི་མདུན་བྲོ།

གནའ་དུས་ཀྱི་སྡེ་དགེའི་པར་ཁང་གི་འོག་རིགས་ལྔ་མཆོད་རྟེན་དང་ཤྭ་བ་རྡོ་འཕགས་ཀྱི་ཕྱོགས།

༡༢༽

དགུང་ཨ་སྔོན་རི་བརྒྱའི་ཕ་མ་ལ། །

གསལ་ཉི་ཟླ་རི་ལ་སྤང་རྒྱན་འཁྲུངས། །

ཟུར་སྐར་ཚོགས་ན་ཉིན་ལོར་མ་འཛོམས། །

ད་ལོར་འཛོམས་བྱུང་འཛོམས་བྲོ་ཡག་མོ་བརྡུང་། །

གངས་དཀར་པོ་རི་བརྒྱའི་ཕ་མ་ལ། །

སེང་དཀར་མོ་རི་ལ་སྤང་རྒྱན་འཁྲུངས། །

སེང་ཕྲུག་མང་མ་ན་ཉིན་ལོར་མ་འཛོམས། །

ད་ལོར་འཛོམས་བྱུང་འཛོམས་བྲོ་ཡག་མོ་བརྡུང་། །

བྲག་སྟོད་མཐོན་པོ་རི་བརྒྱའི་ཕ་མ་ལ། །

ཐང་དཀར་རྒོད་པོ་རི་ལ་སྤང་རྒྱན་འཁྲུངས། །

བྱ་བརྒྱ་མང་མ་ན་ཉིན་ལོར་མ་འཛོམས། །

ད་ལོ་འཛོམས་བྱུང་འཛོམས་བྲོ་ཡག་མོ་བརྡུང་། །

ནགས་སྟོད་མཐོན་པོ་རི་བརྒྱའི་ཕ་མ་ལ། །

སྟག་མོ་དམར་ཡག་རི་ལ་སྤང་རྒྱན་འཁྲུངས། །

གཅན་གཟན་མང་མ་ན་ཉིན་ལོར་མ་འཛོམས། །

ད་ལོ་འཛོམས་བྱུང་འཛོམས་བྲོ་ཡག་མོ་བརྡུང་། །

༼ ༡༣༽

གནམ་ཨ་སྔོན་གཡུ་མཚོའི་ཁ་ལ་ཆགས། །

གསལ་ཉི་ཟླ་མ་བསུས་མགྲོན་ལ་བྱོན། །

ཟུར་སྐར་ཚོགས་གཡུ་ལུང་དར་གྱིས་བརྒྱན། །

གངས་མཐོན་པོ་དངུལ་མཚོའི་ཁ་ལ་ཆགས། །

སེང་དཀར་མོ་མ་བསུས་མགྲོན་ལ་བྱོན། །

མགོ་གཡུ་རལ་གཡུ་ལུང་དར་གྱིས་བརྒྱན། །

བྲག་མཐོན་པོ་དུང་མཚོའི་ཁ་ལ་ཆགས། །

རྒོད་ངང་མ་མ་བསུས་མགྲོན་ལ་བྱོན། །

ལུས་གཤོག་དྲུག་གཡུ་ལུང་དར་གྱིས་བརྒྱན། །

ནགས་མཐོན་པོ་གཡུ་མཚོའི་ཁ་ལ་ཆགས། །

སྟག་དམར་ཡག་མ་བསུས་མགྲོན་ལ་བྱོན། །

ལུས་གྲ་འཛུམ་གཡུ་ལུང་དར་གྱིས་བརྒྱན། ། 

ཡང་ན།

དགོན་མཐོན་པོ་གསེར་མཚོའི་ཁ་ལ་ཆགས། །

ལྷ་བླ་ལུ་མ་བསུས་མགྲོན་ལ་བྱོན། །

གྲྭ་མང་མ་གཡུ་ལུང་དར་གྱིས་བརྒྱན། །

རྫོང་མཐོན་པོ་དངུལ་མཚོའི་ཁ་ལ་ཆགས། །

གོང་དཔོན་ལུ་མ་བསུས་མགྲོན་ལ་བྱོན། །

ཁྲོམ་མང་མ་གཡུ་ལུང་དར་གྱིས་བརྒྱན། །

གྲོང་མཐོན་པོ་གཡུ་མཚོའི་ཁ་ལ་ཆགས། །

མ་སྲུ་ལུ་མ་བསུས་མགྲོན་ལ་བྱོན། །

མོ་སྨན་ཆུང་གཡུ་ལུང་དར་གྱིས་བརྒྱན། །

༼ ༡༤༽

དགུང་ཨ་སྔོན་དཀྱིལ་ལ་འཛོམས་གསུམ་ཡོད། །

ཉི་མ་ཟླ་བ་སྐར་མ་གསུམ། །

ལོ་ན་ཉིན་མ་འཛོམས་ས་ཐག་རིང་། །

ད་ལོར་འཛོམས་བྱུང་དགའ་བ་ལ། །

ཕར་བྲག་རིའི་དཀྱིལ་ལ་འཛོམས་གསུམ་ཡོད། །

ཁྲ་ཕྲུག་གླག་ཕྲུག་རྒོད་ཕྲུག་གསུམ། །

ལོ་ན་ཉིན་མ་འཛོམས་ས་ཐག་རིང་། །

ད་ལོར་འཛོམས་བྱུང་དགའ་བ་ལ ། །

མར་ནགས་ཚལ་དཀྱིལ་ལ་འཛོམས་གསུམ་ཡོད། །

སྟག་ཕྲུག་གཟིག་ཕྲུག་སེང་ཕྲུག་གསུམ། །

ལོ་ན་ཉིན་མ་འཛོམས་ས་ཐག་རིང་། །

ད་ལོར་འཛོམས་བྱུང་དགའ་བ་ལ ། །

༼ ༡༥༽

མི་ཡི་ཡུལ་གྱི་དགྲ་ལྷ་ཝེར་མ། །

གེ་སར་སྐྱེས་བུ་དཔའ་བརྟུལ་དཔུང་བཅས། །

བྲོ་ལ་བྱོན་ཤོག་བྲོ་ལ་བྱོན་ནས། །

ཕོ་རྒྱུད་དཔའ་བོས་བྲོ་བརྡུང་ཁྲིགས་ཁྲིག །

མོ་རྒྱུད་དཔའ་མོས་གར་སྟབས་ཁྱུགས་ཁྱུག །

འཛམ་བུའི་གླིང་གི་ཕོ་དཔའ་མོ་མཛངས། །

དཔལ་དང་ལོངས་སྤྱོད་མཛེས་འཛུམ་བཀྲག་མདངས།།

གཡང་ལ་ཁུག་ཅིག་གཡང་ལ་འདུས་ཤིག །

གླིང་དཀར་ཁྲ་མོའི་དྭངས་སྨན་ཝེར་མ། །

སེང་ལྕམ་འབྲུག་མོ་ཌཱ་ཀིའི་ཚོགས་བཅས། །

བྲོ་ལ་བྱོན་ཤོག་བྲོ་ལ་བྱོན་ནས། །

ཕོ་རྒྱུད་དཔའ་བོས་བྲོ་བརྡུང་ཁྲིགས་ཁྲིག །

མོ་རྒྱུད་དཔའ་མོས་གར་སྟབས་ཁྱུགས་ཁྱུག །

འཛམ་བུའི་གླིང་གི་ཕོ་དཔའ་མོ་མཛངས། །

དཔལ་དང་ལོངས་སྤྱོད་མཛེས་འཛུམ་བཀྲག་མདངས།།

གཡང་ལ་ཁུག་ཅིག་གཡང་ལ་འདུས་ཤིག །

༼ ༡༦༽

ཨ་སྔོན་མཐོན་པོ་རི་བརྒྱའི་ཕ་མ་ལ། །

གཙང་གཤིས་ཉི་ཟླ་ན་ཉིན་ལོར་མ་འཛོམས། །

ན་ཉིན་མ་འཛོམས་འཛོམས་སའི་ས་ཐག་རིང་། །

ད་ལོ་འཛོམས་བྱུང་འཛོམས་བྲོ་ཡག་མོ་བརྡུང་། །

གངས་སྟོད་མཐོན་པོ་རི་བརྒྱའི་ཕ་མ་ལ། །

སེང་ལྕམ་དཀར་མོ་ན་ཉིན་ལོར་མ་འཛོམས། །

ན་ཉིན་མ་འཛོམས་འཛོམས་སའི་ས་ཐག་རིང་། །

ད་ལོ་འཛོམས་བྱུང་འཛོམས་བྲོ་ཡག་མོ་བརྡུང་། །

བྲག་སྟོད་མཐོན་པོ་རི་བརྒྱའི་ཕ་མ་ལ། །

ཐང་དཀར་རྒོད་པོ་ན་ཉིན་ལོར་མ་འཛོམས། །

ན་ཉིན་མ་འཛོམས་འཛོམས་སའི་ས་ཐག་རིང་། །

ད་ལོ་འཛོམས་བྱུང་འཛོམས་བྲོ་ཡག་མོ་བརྡུང་། །

ནགས་སྟོད་མཐོན་པོ་རི་བརྒྱའི་ཕ་མ་ལ། །

སྟག་མོ་དམར་ཡག་ན་ཉིན་ལོར་མ་འཛོམས། །

ན་ཉིན་མ་འཛོམས་འཛོམས་སའི་ས་ཐག་རིང་། །

ད་ལོ་འཛོམས་བྱུང་འཛོམས་བྲོ་ཡག་མོ་བརྡུང་། ། 

༼ ༡༧༽

གནམ་ལ་ཨ་སྔོན་ཡག་ཟེར་ཁ་ལ་ཆགས། །

གསལ་ལ་ཉི་ཟླ་མི་འདུག་མགྲོན་ལ་བྱོན། །

ཟུར་ལ་སྐར་ཚོགས་ཇ་ཆང་ཡ་མས་ཡུ། །

གངས་ལ་མཐོན་པོ་ཡག་ཟེར་ཁ་ལ་ཆགས། །

སེང་ལ་དཀར་མོ་མི་འདུག་མགྲོན་ལ་བྱོན། །

མགོ་ལ་གཡུ་རལ་ཇ་ཆང་ཡ་མས་ཡུ། །

བྲག་ལ་མཐོན་པོ་ཡག་ཟེར་ཁ་ལ་ཆགས། །

རྒོད་ལ་ངང་མ་མི་འདུག་མགྲོན་ལ་བྱོན། །

ལུས་ལ་གཤོག་དྲུག་ཇ་ཆང་ཡ་མས་ཡུ། །

ནགས་ལ་མཐོན་པོ་ཡག་ཟེར་ཁ་ལ་ཆགས། །

སྟག་ལ་དམར་ཡག་མི་འདུག་མགྲོན་ལ་བྱོན། །

ལུས་ལ་གྲ་འཛུམ་ཇ་ཆང་ཡ་མས་ཡུ། །

 ༼ ༡༨༽

ས་ཆ་སྐྱིད་པོ་གར་ཡིན་མ་ཤེས་ན། །

ས་ཆ་སྐྱིད་པོ་གསེར་གྱི་ཐང་ལ་རེད། །

གསེར་བྱ་སྤུན་གསུམ་ན་ཉིན་ཨེ་འཛོམས་བསམ། །

ན་ཉིན་མ་འཛོམས་འཛོམས་སའི་ས་ཐག་རིང་། །

ད་ལོ་འཛོམས་བྱུང་འཛོམས་བྲོ་ཡག་མོ་བརྡུང་། །

ས་ཆ་སྐྱིད་པོ་གར་ཡིན་མ་ཤེས་ན། །

ས་ཆ་སྐྱིད་པོ་དངུལ་གྱི་ཐང་ལ་རེད། །

དངུལ་བྱ་སྤུན་གསུམ་ན་ཉིན་ཨེ་འཛོམས་བསམ། །

ན་ཉིན་མ་འཛོམས་འཛོམས་སའི་ས་ཐག་རིང་། །

ད་ལོ་འཛོམས་བྱུང་འཛོམས་བྲོ་ཡག་མོ་བརྡུང་། །

ས་ཆ་སྐྱིད་པོ་གར་ཡིན་མ་ཤེས་ན། །

ས་ཆ་སྐྱིད་པོ་དུང་གི་ཐང་ལ་རེད། །

དུང་བྱ་སྤུན་གསུམ་ན་ཉིན་ཨེ་འཛོམས་བསམ། །

ན་ཉིན་མ་འཛོམས་འཛོམས་སའི་ས་ཐག་རིང་། །

ད་ལོ་འཛོམས་བྱུང་འཛོམས་བྲོ་ཡག་མོ་བརྡུང་། །

ས་ཆ་སྐྱིད་པོ་གར་ཡིན་མ་ཤེས་ན། །

ས་ཆ་སྐྱིད་པོ་གཡུ་ཡི་ཐང་ལ་རེད། །

གཡུ་བྱ་སྤུན་གསུམ་ན་ཉིན་ཨེ་འཛོམས་བསམ། །

ན་ཉིན་མ་འཛོམས་འཛོམས་སའི་ས་ཐག་རིང་། །

ད་ལོ་འཛོམས་བྱུང་འཛོམས་བྲོ་ཡག་མོ་བརྡུང་། །

༼ ༡༩༽

བྲག་རི་དཀར་པོའི་དབུ་ཡི་རྩེ་མོ་ལ། །

ས་ཐག་རིང་པོའི་ཐང་དཀར་འབབ་ས་རེད། །

ན་ཉིན་མ་འཛོམས་ས་ཐང་རིང་པོས་རྒྱང་། །

ད་ལོ་འཛོམས་བྱུང་འཛོམས་བྲོ་ཡག་མོ་བརྡུང་། །

གཡུ་ཤུག་སྔོན་མོའི་དབུ་ཡི་རྩེ་མོ་ལ། །

ས་ཐག་རིང་པོའི་ཁུ་བྱུག་བབ་ས་རེད། །

ན་ཉིན་མ་འཛོམས་ས་ཐག་རིང་པོས་རྒྱང་། །

ད་ལོ་འཛོམས་བྱུང་འཛོམས་བྲོ་ཡག་མོ་བརྡུང་། །

རྒྱ་གྲོང་ཁྲ་མོའི་དབུ་ཡི་རྩེ་མོ་ལ། །

ས་ཐག་རིང་པོའི་མགྲོན་ཆུང་འཛོམས་ས་རེད། །

ན་ཉིན་མ་འཛོམ་ས་ཐང་རིང་པོས་རྒྱང་། །

ད་ལོ་འཛོམས་བྱུང་འཛོམས་བྲོ་ཡག་མོ་བརྡུང་། །

༼ ༢༠༽

ཡར་ལ་འགྲོ་དུས་ཨ་སྔོན་མཐོན་པོར་ཡར་འགྲོ། །

ཚུར་ལ་འཛོམས་དུས་ནམ་མཁའི་ཉི་ཟླ་ཚུར་འཛོམས།།

རྒྱན་ལ་ཨེ་ཤེས་སྐར་ཚོགས་རྒྱན་བྱུང་དགའ་བ། །

ཡར་ལ་འགྲོ་དུས་གངས་སྟོད་མཐོན་པོར་ཡར་འགྲོ། །

ཚུར་ལ་འཛོམས་དུས་སེང་ལྕམ་དཀར་མོ་ཚུར་འཛོམས།།

རྒྱན་ལ་ཨེ་ཤེས་གཡུ་རལ་རྒྱན་བྱུང་དགའ་བ། །

ཡར་ལ་འགྲོ་དུས་བྲག་སྟོད་མཐོན་པོར་ཡར་འགྲོ། །

ཚུར་ལ་འཛོམས་དུས་ཐང་དཀར་རྒོད་པོ་ཚུར་འཛོམས།།

རྒྱན་ལ་ཨེ་ཤེས་གཤོག་དྲུག་རྒྱན་བྱུང་དགའ་བ། །

ཡར་ལ་འགྲོ་དུས་ནགས་སྟོད་མཐོན་པོར་ཡར་འགྲོ། །

ཚུར་ལ་འཛོམས་དུས་སྟག་མོ་དམར་ཡག་ཚུར་འཛོམས།།

རྒྱན་ལ་ཨེ་ཤེས་གྲ་འཛུམ་རྒྱན་བྱུང་དགའ་བ། །

ཡར་ལ་འགྲོ་དུས་སྡེ་ཆེན་དཀྱིལ་ལ་ཡར་འགྲོ། །

ཚུར་ལ་འཛོམས་དུས་བྲོ་པ་རྣམ་པ་ཚུར་འཛོམས། །

རྒྱན་ལ་ཨེ་ཤེས་རྡོག་བྲོ་རྒྱན་བྱུང་དགའ་བ། །

༼ ༢༡༽

དགོན་ཆུང་ཁྲ་མོའི་གཡས་ཟུར་གསེར་གྱི་ཉི་མ་ཤར། །

གསེར་གྱི་ཉི་མ་མ་རེད་རང་ཕྱོགས་བླ་ལུ་བཟང་པོ། །

རང་ཕྱོགས་བླ་ལུ་བཟང་པོ་ཉི་མ་ཤར་སྐབས་ཕེབས། །

ཕོ་བྲང་ཁྲ་མོའི་གཡས་ཟུར་ངང་སེར་ཟླ་བ་ཚེས། །

ངང་སེར་ཟླ་བ་མ་རེད་རང་ཕྱོགས་དཔོན་ལུ་བཟང་པོ།།

རང་ཕྱོགས་དཔོན་ལུ་བཟང་པོ་ཟླ་བ་ཚེས་སྐབས་

ཕེབས།།

གྲོང་ཆུང་ཁྲ་མོའི་གཡས་ཟུར་སྐར་མ་སྨིན་དྲུག་བཀྲ། །

སྐར་མ་སྨིན་དྲུག་མ་རེད་རང་ཕྱོགས་སྲུ་ལུ་བཟང་པོ། །

རང་ཕྱོགས་སྲུ་ལུ་བཟང་པོ་སྐར་ཚོགས་བཀྲ་སྐབས་

ཕེབས།།

   ༼  དེབ་རྗེས་མར་མུ་མཐུད་དུ་འགོད་རྒྱུ་ཡིན།༽


  • ལེ་ཚན་སྔོན་མ།:ཁམས་མི་ཉག་ཡུལ་གྱི་བྲོ་ཤགས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • རྩོམ་གསར། 10