མེས་པོའི་གྱང་གླུ་ཁུ་བྱུག་མགྲིན་སྒྲ།

        2018-01-09

མེས་པོའི་གྱང་གླུ་ཁུ་བྱུག་མགྲིན་སྒྲ།

འགྲོ་ལ་ཕན་བདེའི་དཔལ་སྟེར་བའི།།

མཆོག་གསུམ་ལྷ་ལ་ཕྱག་བྱས་ནས།།

གྱང་པ་དག་དང་ཉེར་འབྲེལ་བའི།།

གྱང་གླུ་ཁུ་བྱུག་མགྲིན་སྒྲ་ལེན།།

དེ་ལ་ཐོག་མར་གྱང་མགོ་བརྩམས་ཚེ་མཆོག་གསུམ་ལ་བདེན་བདར་ཤིས་བརྗོད་སྔོན་དུ་འགྲོ་བའི་སྒོ་ནས།

ཨ……། ཕྱོབ་ལེགས་ཡ་མོ་ཟེར་ཕྱོབ་ལེགས་ཡ།

ཟེར་ཕྱོབ་ལེགས་ཡ་དང་ཕྱོབ་ལེགས་ཡ།

ཨ་ཧི། ཨ་ཧི། ཨ་ཧི།

འོ་ལ་ཟེར་ཕྱོབ་ལེགས་ཡ།

གནམ་འཁོར་ལོ་རྩིབ་དགུའི་མར་འོག་ལ།།

ཨ……། ཕྱོབ་ལེགས་ཡ་མོ་ཟེར་ཕྱོབ་ལེགས་ཡ།

ཟེར་ཕྱོབ་ལེགས་ཡ་དང་ཕྱོབ་ལེགས་ཡ།

ཨ་ཧི། ཨ་ཧི། ཨ་ཧི།

འོ་ལ་ཟེར་ཕྱོབ་ལེགས་ཡ།

ས་པདྨ་འདབ་བརྒྱད་ཡང་སྟེང་ལ།།

ཨ……། ཕྱོབ་ལེགས་ཡ་མོ་ཟེར་ཕྱོབ་ལེགས་ཡ།

ཟེར་ཕྱོབ་ལེགས་ཡ་དང་ཕྱོབ་ལེགས་ཡ།

ཨ་ཧི། ཨ་ཧི། ཨ་ཧི།

འོ་ལ་ཟེར་ཕྱོབ་ལེགས་ཡ།

བར་བཀྲ་ཤིས་རྟགས་བརྒྱད་ར་བ་ལ།།འདིས་རིགས་འགྲེ།

དར་སྟོང་སྐུད་དམར་པོས་ཐིག་ཅིག་གདབ།།

རྡོ་པདྨ་རཱ་གས་དཀར་ཆག་བཞག།

ས་སིནྡྷུ་ར་ཡིས་གྱང་ཞིག་བརྡུང་།།

ས་འདི་ནི་རྡོ་རྗེ་གདན་གྱི་ས།།

རྡོ་འདི་ནི་རྒྱ་ནག་སྟོང་ཁུན་རྡོ།།

ཆུ་འདི་ནི་ཡན་ལག་བརྒྱད་ལྡན་ཆུ།།

གྱང་མགོ་མ་བླ་མ་ལྷ་ཡིས་སྐྱོབ།།

གྱང་སྐེད་པ་དཔའ་བོ་མཁའ་འགྲོས་སྲུང་།།

གྱང་མཐའ་མ་ཡུལ་འདིའི་ཡུལ་ལྷས་གཟིགས།།

ས་གཟིགས་མི་བོ་དྷི་ས་ཏྭ་ཡིན།།

ས་འདུལ་མཁན་ཨོ་རྒྱན་པདྨ་ཡིན།།

གྱང་བརྩིགས་མི་མངའ་བདག་རྒྱལ་པོ་ཡིན།།

གྱང་བསྒྲིགས་མི་མགར་བློན་རིག་པ་ཅན།།

གྱང་བརྡུང་མི་སྟག་ཤར་ཞལ་ལུའི་ཚོགས།།

གྱང་ས་ཁུར་མ་སྲུ་མོ་སྨན་རྣམས།།

ཉིན་དཀར་མོར་འགྲོ་བ་མི་ཡིས་བརྡུང་།།

མཚན་ནག་མོར་སྣང་སྲིད་ལྷ་འདྲེས་བརྡུང་།།

གྱང་ཁ་དགེ་གེགས་མེད་ལྷུན་གྱིས་འགྲུབ།།

ཕྱོབ། ཕྱོབ། ཕྱོབ། ཅེས་བརྗོད།

 

ཡང་རྡོ་པདྨ་རཱ་གས་ཁྲི་ཞིག་བརྩིགས།།

ཞེས་ཀྱང་ཟེར།

སྤྱིར་བཏང་གྱང་གླུ་ལ།

ཕྱོབ་ལེགས་ཡ……།

ཕྱོབ་ལེགས་ཡ་མོ་ཟེར་ཕྱོབ་ལེགས་ཡ།

ཟེར་ཕྱོབ་ལེགས་ཡ་དང་ཕྱོབ་ལེགས་ཡ།

འོ་ལ་ཟེར་ཕྱོབ་ལེགས་ཡ།

གྱང་དང་པོར་བརྡུང་བ་ཤར་ནས་བརྡུང་།།

ཕྱོབ་ལེགས་ཡ……།

ཕྱོབ་ལེགས་ཡ་མོ་ཟེར་ཕྱོབ་ལེགས་ཡ།

ཟེར་ཕྱོབ་ལེགས་ཡ་དང་ཕྱོབ་ལེགས་ཡ།

འོ་ལ་ཟེར་ཕྱོབ་ལེགས་ཡ།

ཤར་རྡོ་རྗེ་སེམས་དཔའི་སྐུ་མཁར་བརྡུང་།།

ཕྱོབ་ལེགས་ཡ……།

ཕྱོབ་ལེགས་ཡ་མོ་ཟེར་ཕྱོབ་ལེགས་ཡ།

ཟེར་ཕྱོབ་ལེགས་ཡ་དང་ཕྱོབ་ལེགས་ཡ།

འོ་ལ་ཟེར་ཕྱོབ་ལེགས་ཡ།

ལ་དེ་ནས་བརྡུང་པ་ལྷོ་ནས་བརྡུང་།

འདིས་རིགས་འགྲེ།

ལྷོ་རིན་ཆེན་འབྱུང་ལྡན་སྐུ་མཁར་བརྡུང་།།

དེ་ནས་བརྡུང་པ་ནུབ་ནས་བརྡུང་།།

ནུབ་སྣང་བ་མཐའ་ཡས་སྐུ་མཁར་བརྡུང་།།

དེ་ནས་བརྡུང་པ་བྱང་ནས་བརྡུང་།།

བྱང་དོན་ཡོད་གྲུབ་པའི་སྐུ་མཁར་བརྡུང་།།

གྱང་གདན་ཉི་ཟླ་ཁ་སྤྲོད་ཡིན།།

གྱང་བརྡུང་དཔའ་བོ་གྲབས་གཅིག་ཡིན།།

ས་ཁུར་དཔའ་མོ་གྲབས་གཅིག་ཡིན།།

གྱང་ཐོ་གནམ་ལྕགས་ཐོག་རྒོད་ཡིན།།

གྱང་མགོ་རིན་ཆེན་ས་ཡིས་བརྡུང་།།

ས་མེད་ན་གོར་མོ་རྡོ་ཡིས་བརྡུང་།།

གྱང་སྤར་རེའི་མཚམས་ལ་འཇའ་རེ་ཡོད།།

གྱང་ཁ་གསེར་ཁ་ཁྲིག་ཁྲིག་ཡིན།།

ས་སིནྡྷུ་ར་ཡི་ཨར་ག་བཅག།

རྡོ་པདྨ་རཱ་གས་རྨང་གཞི་བཏིང་།།

སྟག་ཤར་ལུ་འདྲ་བའི་གྱང་བརྡུང་ཚོ།།

རྐེད་གྲི་བཀྲ་ཤར་རེ་གྱང་ལ་རུབ།།

སྨན་བུ་མོ་འདྲ་བའི་གྱང་བརྡུང་ཚོ།།

མགོ་གཡུ་བྱུ་ཉིལ་ལེ་གྱང་ལ་རུབ།།

དབྲག་ཕུར་ལྷ་ཡི་སོ་པ་ཡིན།།

དབྲག་རྒྱུན་ལྷ་ཡི་དར་ཐག་ཡིན།།

ཁ་རྒྱང་ཨ་གར་སྒྲོན་ཤིང་ཡིན།།

གྱང་གླུ་ལོངས་ཤོག་གྱང་བརྡུང་ཚོ།།

ང་གྱང་དཔོན་བསམ་པ་དགའ་ནས་ཡོད།།

གསལ་ཉི་ཟླ་འདྲ་བའི་གྱང་བརྡུང་ཚོ།།

ཟུར་སྐར་ཚོགས་བཀྲ་སེ་གྱང་ལ་རུབ།།

སེང་དཀར་མོ་འདྲ་བའི་གྱང་བརྡུང་ཚོ།།

མགོ་གཡུ་རལ་ཉིལ་ལེ་གྱང་ལ་རུབ།།

རྒོད་ཐང་དཀར་འདྲ་བའི་གྱང་བརྡུང་ཚོ།།

ལུས་གཤོག་དྲུག་རྒྱས་སེ་གྱང་ལ་རུབ།།

སྟག་དམར་ཡག་འདྲ་བའི་གྱང་བརྡུང་ཚོ།།

ལུས་གྲ་འཛུམ་རྒྱས་སེ་གྱང་ལ་རུབ།།

འབྲོང་བྲེ་སེ་འདྲ་བའི་གྱང་བརྡུང་ཚོ།།

མགོ་རྭ་ཐུར་རྣོ་ལེ་གྱང་ལ་རུབ།།

ས་ཁུར་རྒྱ་དྲེལ་སྨུག་ཆུང་ཚོ།།

མ་ཡེངས་མགྱོགས་པར་ལ་མོ་སླེབས།།

ཕྱོབ། ཕྱོབ། ཕྱོབ། ཅེས་ཟེར་རོ།།

ཁྱད་པར་དུ་གྱང་བརྡུང་ལ་བཤད་པ་བྱེད་དུས།

གནམ་ཨ་སྔོན་འདྲ་བའི་གྱང་ཞིག་བརྡུང་།།

གསལ་ཉི་ཟླ་འདྲ་བའི་གྱང་པ་ཚོ།།

ཟུར་སྐར་ཚོགས་འདྲ་བའི་ས་ཁུར་རྣམས།།

གངས་དཀར་ཡག་འདྲ་བའི་གྱང་ཞིག་བརྡུང་།།

སེང་དཀར་མོ་འདྲ་བའི་གྱང་པ་ཚོ།།

མགོ་གཡུ་རལ་འདྲ་བའི་ས་ཁུར་རྣམས།།

བྲག་དཀར་འཛོང་འདྲ་བའི་གྱང་ཞིག་བརྡུང་།།

རྒོད་ཐང་དཀར་འདྲ་བའི་གྱང་པ་ཚོ།།

ལུས་གཤོག་དྲུག་འདྲ་བའི་ས་ཁུར་རྣམས།།

ནགས་རྒྱ་རྫོང་འདྲ་བའི་གྱང་ཞིག་བརྡུང་།།

སྟག་དམར་ཡག་འདྲ་བའི་གྱང་པ་ཚོ།།

ལུས་འཛོམ་དྲུག་འདྲ་བའི་ས་ཁུར་རྣམས།།

ཞེས་དང་།

ཡང་།

ཨ། ཨ་བུ་ཡེ།

གསལ་ཉི་ཟླ་འདྲ་བའི་འོ་འོ་གྱང་པ་ཚོ།།

གནམ་ཨ་སྔོན་འདྲ་བའི་འོ་འོ་གྱང་ཞིག་བརྡུང་།།

ཕྱོབ་ལེགས་ཡ་མོ་ཕྱོབ། ཨ། ཨ་བུ་ཡེ།

ཤྭ་ཕོ་ཆེན་འདྲ་བའི་འོ་འོ་གྱང་པ་ཚོ།།

མགོ་དུང་རྭ་འདྲ་བའི་འོ་འོ་གྱང་ཞིག་བརྡུང་།།

ཕྱོབ་ལེགས་ཡ་མོ་ཕྱོབ། ཨ། ཨ་བུ་ཡེ།

བྱ་ཁུ་བྱུག་འདྲ་བའི་གྱང་པ་ཚོ།།

སྐད་དྲུག་འགྱུར་འདྲ་བའི་གྱང་གླུ་ལེན།།

ཕྱོབ་ལེགས་ཡ་མོ་ཕྱོབ། འདིས་རིགས་འགྲེ།

རྟ་འདོ་སྒ་འདྲ་བའི་གྱང་པ་ཚོ།།

སྒ་གསེར་སྒ་འདྲ་བའི་གྱང་ཞིག་བརྡུང་།།

སྟག་ཤར་ལུ་འདྲ་བའི་གྱང་པ་ཚོ།།

རྒྱབ་ཁྲ་རིང་འདྲ་བའི་གྱང་ཞིག་བརྡུང་།།

སྨན་བུ་མོ་འདྲ་བའི་གྱང་པ་ཚོ།།

མགོ་གཡུ་ཆུང་འདྲ་བའི་གྱང་ཞིག་བརྡུང་།།

ཕྱོབ། ཕྱོབ། ཕྱོབ། ཅེས་དང་།

ཡང་ངེད་ཚོའི་གྱང་བརྡུང་ཉི་ཟླ་འདྲ།།

གནམ་ཨ་སྔོན་འདྲ་བའི་གྱང་ཁ་ནས།།

གསལ་ཉི་ཟླ་འདྲ་བའི་གྱང་བརྡུང་ཚོ།།

གྱང་བརྡུང་ལས་ཀྱི་དཔའ་བོ་རེད།།

ས་ཁུར་ལས་ཀྱི་དཔའ་མོ་རེད།།

ཡང་ངེད་ཚོའི་གྱང་བརྡུང་སེང་དང་འདྲ།།

གངས་དཀར་ཡག་འདྲ་བའི་གྱང་ཁ་ནས།།

སེང་དཀར་མོ་འདྲ་བའི་གྱང་བརྡུང་ཚོ།།

གྱང་བརྡུང་ལས་ཀྱི་དཔའ་བོ་རེད།།

ས་ཁུར་ལས་ཀྱི་དཔའ་མོ་རེད།།

ཡང་ངེད་ཚོའི་གྱང་བརྡུང་རྒོད་དང་འདྲ།།

བྲག་དཀར་འཛོང་འདྲ་བའི་གྱང་ཁ་ནས།།

རྒོད་ངང་མ་འདྲ་བའི་གྱང་བརྡུང་ཚོ།།

གྱང་བརྡུང་ལས་ཀྱི་དཔའ་བོ་རེད།།

ས་ཁུར་ལས་ཀྱི་དཔའ་མོ་རེད།།

ཡང་ངེད་ཚོའི་གྱང་བརྡུང་སྟག་དང་འདྲ།།

ནགས་རྒྱ་རྫོང་འདྲ་བའི་གྱང་ཁ་ནས།།

སྟག་དམར་ཡག་འདྲ་བའི་གྱང་བརྡུང་ཚོ།།

གྱང་བརྡུང་ལས་ཀྱི་དཔའ་བོ་རེད།།

ས་ཁུར་ལས་ཀྱི་དཔའ་མོ་རེད།།

ཡང་ངེད་ཚོའི་གྱང་བརྡུང་འབྲོང་དང་འདྲ།།

རྫ་གུ་ར་འདྲ་བའི་གྱང་ཁ་ནས།།

འབྲོང་བྲེ་སེ་འདྲ་བའི་གྱང་བརྡུང་ཚོ།།

གྱང་བརྡུང་ལས་ཀྱི་དཔའ་བོ་རེད།།

ས་ཁུར་ལས་ཀྱི་དཔའ་མོ་རེད།། ཅེས་དང་།

མེས་པོའི་གྱང་གླུ་ཁུ་བྱུག་མགྲིན་སྒྲ།

གྱང་དང་པོ་བརྡུང་བ་གང་ནས་བརྡུང་།།

གྱང་དང་པོ་བརྡུང་བ་ཤར་ནས་བརྡུང་།།

ཤར་རྒྱ་སྟག་ཁྲ་བོའི་མདུན་ནས་བརྡུང་།།

གྱང་གཉིས་པ་བརྡུང་བ་གང་ནས་བརྡུང་།།

གྱང་གཉིས་པ་བརྡུང་བ་ལྷོ་ནས་བརྡུང་།།

ལྷོ་གཡུ་འབྲུག་སྔོན་མོའི་མདུན་ནས་བརྡུང་།།

གྱང་གསུམ་པ་བརྡུང་བ་གང་ནས་བརྡུང་།།

གྱང་གསུམ་པ་བརྡུང་བ་ནུབ་ནས་བརྡུང་།།

ནུབ་བྱ་ཁྱུང་དམར་པོའི་མདུན་ནས་བརྡུང་།།

གྱང་བཞི་པ་བརྡུང་བ་གང་ནས་བརྡུང་།།

གྱང་བཞི་པ་བརྡུང་བ་བྱང་ནས་བརྡུང་།།

བྱང་རུས་སྦལ་རྒྱ་བོའི་མདུན་ནས་བརྡུང་།།

ཞེས་བརྗོད།

གྱང་པ་ལ་བཤད་པ་བྱེད་དུས།

གྱང་ལྟག་མགོ་བརྡུང་མི་སྟག་དང་འདྲ།།

སྟག་རི་མོ་ཤར་འདྲའི་གྱང་ཞིག་བརྡུང་།།

ཡང་དེ་རྗེས་ཨ་ཕོ་གཟིག་དང་འདྲ།།

གཟིག་ཐིག་ལེ་ཤར་འདྲའི་གྱང་ཞིག་བརྡུང་།།

ཡང་དེ་རྗེས་ཨ་ཕོ་གུང་དང་འདྲ།།

གུང་ཨ་ལོང་ཤར་འདྲའི་གྱང་ཞིག་བརྡུང་།།

ཡང་དེ་རྗེས་ཨ་ཕོ་ཝ་དང་འདྲ།།

ཝ་གྲ་ལོ་ཤར་འདྲའི་གྱང་ཞིག་བརྡུང་།།

ཡང་དེ་རྗེས་ཨ་ཕོ་འབྲོང་དང་འདྲ།།

འབྲོང་རྭ་ཐུར་ཤར་འདྲའི་གྱང་ཞིག་བརྡུང་།།

གྱང་ཕྱི་གྱང་ཕྱི་ནས་ཨེ་ཡག་དུ།།

ཕྱི་དངུལ་དཀར་མེ་ལོང་ཨེ་འདྲ་དུ།།

གྱང་ནང་གྱང་ནང་ནས་ཨེ་ཡག་དུ།།

ནང་རྒྱ་ཇ་བག་ཁག་ཨེ་འདྲ་དུ།།

གྱང་ཕྱི་ལ་བལྟས་ན་བྱ་འདྲེད་མ།།

གྱང་ནང་ལ་བལྟས་ན་བྱེའུ་འདྲེད་མ།།

གྱང་ཕྱི་ཡག་ནང་ཡག་གཉིས་ཀ་ཡག།

གྱང་གཉིས་ཀ་ཡག་པ་གཞལ་ཡས་ཁང་།།

གྱང་བརྡུང་པ་མི་འདྲ་བཤམས་པ་འདྲ།།

ལྷ་བླ་ལུའི་ཐང་ཀ་བཤམས་པ་འདྲ།།

གྱང་ཕྱོ་སྒྲ་རྒྱོབས་དང་གྱང་ལ་ཕན།།

ཁ་མ་ཎི་འདོན་དང་རང་ལ་ཕན།།

ཞེས་བརྗོད།

ས་ཁུར་ལ་བཤད་པ་བྱེད་དུས།

གསལ་ཉི་ཟླ་འདྲ་བའི་ས་ཁུར་ཚོ།།

ཟུར་སྐར་ཚོགས་བཀྲ་འདྲས་ས་ཞིག་ཁུར།།

ས་ཁུར་ས་དགུང་སྔོན་གནམ་གྱི་དཀྱིལ།།

སེང་དཀར་མོ་འདྲ་བའི་ས་ཁུར་ཚོ།།

མགོ་གཡུ་རལ་རྒྱས་འདྲས་ས་ཞིག་ཁུར།།

ས་ཁུར་ས་གངས་དཀར་ལྷུན་པོའི་རྩེ།།

རྒོད་ཐང་དཀར་འདྲ་བའི་ས་ཁུར་ཚོ།།

ལུས་གཤོག་དྲུག་རྒྱས་འདྲས་ས་ཞིག་ཁུར།།

ས་ཁུར་ས་དཀར་འཛོང་བྲག་གི་རྫོང་།།

བྱ་རྨ་བྱ་འདྲ་བའི་ས་ཁུར་ཚོ།།

ལུས་གཤོག་གུར་ཕུབ་འདྲས་ས་ཞིག་ཁུར།།

ས་ཁུར་ས་རྒྱ་རྫོང་ནགས་ཀྱི་ཁྲོད།།

ཅེས་བརྗོད།

ས་ཁུར་རྒྱུ་མ་བྱུང་ཚེ།

དྲེལ་སྨུག་ཆུང་འདྲ་བའི་ས་ཁུར་ཚོ།།

ས་ཁུར་ཤོག་ཁུར་ཤོག་ཟློ་ལེ་ཡིན།།

ས་སེར་སྣ་མ་བྱེད་ཁུར་ལ་ཤོག།

ཡང་ས་ར་ནང་པ་ས་འཇོང་ཚོ།།

ས་སེར་སྣ་མ་བྱེད་ཁུར་ལ་ཤོག།

སྐེ་རིང་རིང་གྱིས་ལ་ཁུར་ལ་ཤོག།

ཡང་ས་ར་ནང་གི་ས་ཁུར་ཚོ།།

གསེར་སེར་པོ་ཁུར་ཤོག་ཟེར་བ་མིན།།

ས་བདག་མེད་ཁུར་ཤོག་ཟེར་ལེ་ཡིན།།

ཡང་ས་ར་ནང་གི་ས་ཁུར་ཚོ།།

དངུལ་དཀར་པོ་ཁུར་ཤོག་ཟེར་བ་མིན།།

ས་བདག་མེད་ཁུར་ཤོག་ཟེར་ལེ་ཡིན།།

ཡང་ས་ར་ནང་གི་ས་ཁུར་ཚོ།།

ས་ཁ་ས་མ་ཁུར་གདིང་ས་ཁུར།།

ས་གདིང་ས་རྒྱ་མཚོའི་འགྲམ་དུ་ཡོད།།

ཅེས་ཟེར།

གྱང་སྤར་ལ་བཤད་པ་བྱེད་དུས།

ཕྱོབ་ལེགས་ཡ། ཕྱོབ་ལེགས་ཡ་མོ་ཕྱོབ།

ཕྱོབ་ལེགས་ཡ། ཕྱོབ་ལེགས་ཡ་མོ་ཕྱོབ།

ཕྱོབ་ལེགས་ཡ། ཕྱོབ་ལེགས་ཡ་མོ་ཕྱོབ།

ཕྱོབ་ལེགས་ཡ།

གྱང་སྤར་གཅིག་སྤར་གཉིས་ཡེ་ཡེ་

སྤར་མ་གསུམ།།

གྱང་སྤར་གསུམ་རིགས་གསུམ་ཡེ་ཡེ་

མགོན་པོ་བཞུགས།།

ཕྱོབ་ལེགས་ཡ་མོ་ཕྱོབ།

གྱང་སྤར་གཅིག་སྤར་གཉིས་སྤར་མ་བཞི།།

གྱང་སྤར་བཞི་རྒྱལ་ཆེན་སྡེ་བཞི་བཞུགས།།

གྱང་སྤར་གཅིག་སྤར་གཉིས་སྤར་མ་ལྔ།།

གྱང་སྤར་ལྔ་རྒྱལ་བ་རིགས་ལྔ་བཞུགས།།

གྱང་སྤར་གཅིག་སྤར་གཉིས་སྤར་མ་དྲུག།

གྱང་སྤར་དྲུག་ཐུབ་པ་རིགས་དྲུག་བཞུགས།།

གྱང་སྤར་གཅིག་སྤར་གཉིས་སྤར་མ་བདུན།།

གྱང་སྤར་བདུན་རྒྱལ་སྲིད་སྣ་བདུན་བཞུགས།།

གྱང་སྤར་གཅིག་སྤར་གཉིས་སྤར་མ་བརྒྱད།།

གྱང་སྤར་བརྒྱད་བཀྲ་ཤིས་རྟགས་བརྒྱད་

བཞུགས།།

གྱང་སྤར་གཅིག་སྤར་གཉིས་སྤར་མ་དགུ།།

གྱང་སྤར་དགུ་འཁོར་ལོ་རྩེ་དགུ་བཞུགས།།

གྱང་སྤར་གཅིག་སྤར་གཉིས་སྤར་མ་བཅུ།།

གྱང་སྤར་བཅུ་ས་བཅུའི་སངས་རྒྱས་བཞུགས།།

ཞེས་བརྗོད།

 

གྱང་ལ་ཚང་ཚུལ་གླེང་སྐབས།

ཕྱོབ་ལེགས་ཡ། ཕྱོབ་ལེགས་ཡ་མོ་ཕྱོབ།

ཕྱོབ་ལེགས་ཡ། ཕྱོབ་ལེགས་ཡ་མོ་ཕྱོབ།

ཕྱོབ་ལེགས་ཡ། ཕྱོབ་ལེགས་ཡ་མོ་ཕྱོབ།

ཕྱོབ་ལེགས་ཡ།

ལ་གྱང་ལ་གདན་ཆུང་ཡེ་ཡེ་མི་གདའ་དེ།།

ལ་དཀར་ཆག་གྱང་གི་ཡེ་ཡེ་གདན་ཆུང་ཡིན།།

ཕྱོབ་ལེགས་ཡ་མོ་ཕྱོབ།

གྱང་ལ་ཡོལ་བ་མི་གདའ་དེ།།

གྱང་གཞོང་གྱང་གི་ཡོལ་བ་ཡིན།།

གྱང་ལ་སེར་སྦྲེང་མི་གདའ་དེ།།

དབྲག་ཕུར་གྱང་གི་སེར་སྦྲེང་ཡིན།།

གྱང་ལ་རྡོ་རྗེ་མི་གདའ་དེ།།

གྱང་ཐག་གྱང་གི་རྡོ་རྗེ་ཡིན།།

གྱང་ལ་དྲིལ་བུ་མི་གདའ་དེ།།

གྱང་ཐོ་གྱང་གི་དྲིལ་བུ་ཡིན།།

གྱང་ལ་གཞུ་མོ་མི་གདའ་དེ།།

ལྟག་སྒ་གྱང་གི་གཞུ་མོ་ཡིན།།

གྱང་ལ་མདའ་མོ་མི་གདའ་དེ།།

གྱང་མདའ་གྱང་གི་མདའ་མོ་ཡིན།།

གྱང་ལ་སྟ་རེ་མི་གདའ་དེ།།

ཟུར་སག་གྱང་གི་སྟ་རེ་ཡིན།།

གྱང་ལ་ཐོ་བ་མི་གདའ་དེ།།

གྱང་ཐོ་གྱང་གི་ཐོ་བ་ཡིན།།

གྱང་ལ་བྱེའུ་ཆུང་མི་གདའ་དེ།།

བྱེའུ་མཆུ་གྱང་གི་བྱེའུ་ཆུང་ཡིན།།

ཕྱོབ། ཕྱོབ། ཕྱོབ། ཅེས་ཟེར།

གྱང་པ་ཚོ་ཁྲེལ་བཤད་བྱེད་དུས།

ཡང་ངེད་ཚོའི་གྱང་པ་ཉི་ཟླ་འདྲ།།

གནམ་ཨ་སྔོན་འདྲ་བའི་གྱང་ཞིག་བརྡུང་།།

ཡང་ཁྱེད་ཚོའི་གྱང་པ་གླང་དང་འདྲ།།

གླང་རྙང་པ་ཤད་འདྲའི་གྱང་ཞིག་བརྡུང་།།

ཡང་ངེད་ཚོའི་གྱང་པ་སེངྒེ་འདྲ།།

གངས་དཀར་པོ་འདྲ་བའི་གྱང་ཞིག་བརྡུང་།།

ཡང་ཁྱེད་ཚོའི་གྱང་པ་ཝ་དང་འདྲ།།

ཝ་རྔ་མ་འདྲུད་འདྲའི་གྱང་ཞིག་བརྡུང་།།

ཡང་ངེད་ཚོའི་གྱང་པ་རྒོད་དང་འདྲ།།

བྲག་དཀར་འཛོང་འདྲ་བའི་གྱང་ཞིག་བརྡུང་།།

ཡང་ཁྱེད་ཚོའི་གྱང་པ་བ་དང་འདྲ།།

བ་རྙང་པ་ཤད་འདྲའི་གྱང་ཞིག་བརྡུང་།།

ཡང་ངེད་ཚོའི་གྱང་པ་སྟག་དང་འདྲ།།

ནགས་རྒྱ་རྫོང་འདྲ་བའི་གྱང་ཞིག་བརྡུང་།།

ཡང་ཁྱེད་ཚོའི་གྱང་པ་ཁྱི་དང་འདྲ།།

ཁྱི་སྡར་ལི་འབྲོས་འདྲའི་གྱང་ཞིག་བརྡུང་།།

ཞེས་ཟེར།

གྱང་སྤྱད་ལ་དྲི་བ་དྲི་ལན་བྱེད་དུས།

དྲི་བ།

ཨ། ཨ་བུ་ཡེ།

ཁྱོད་གྱང་པ་དེ་ཚད་འོ་འོ་མཁས་ན་གོ།

གྱང་ཕྱི་གདན་འདི་ལ་འོ་འོ་བཤད་པ་གྱིས།།

ཕྱོབ་ལེགས་ཡ་མོ་ཕྱོབ།

ལན།

ཨ། ཨ་བུ་ཡེ།

ང་གྱང་པ་ཁྱོད་ཚད་འོ་འོ་མི་མཁས་ཏེ།།

གྱང་ཕྱི་གདན་གསེར་གདན་འོ་འོ་ཁྲ་མོ་ཡིན།།

ཕྱོབ་ལེགས་ཡ་མོ་ཕྱོབ།

ཨ། ཨ་བུ་ཡེ།

གྱང་ཕྱི་གདན་གསེར་གདན་འོ་འོ་ཁྲ་མོ་འདི།།

རྒྱ་ནག་པོའི་མཐིལ་ནས་འོ་འོ་ཉོས་ལེ་ཡིན།།

ཕྱོབ་ལེགས་ཡ་མོ་ཕྱོབ།

ཨ། ཨ་བུ་ཡེ།

དྲེལ་སྨུག་ཆུང་མེད་ན་འོ་འོ་མི་དྲང་དུ།།

གསེར་སེར་པོ་མེད་ན་འོ་འོ་མི་ཁུག་དུ།།

ཕྱོབ་ལེགས་ཡ་མོ་ཕྱོབ།

དྲི་བ།

ཁྱོད་གྱང་པ་དེ་ཚད་མཁས་ན་གོ།

གྱང་ནང་གདན་འདི་ལ་བཤད་པ་གྱིས།།

ལན།

ང་གྱང་པ་ཁྱོད་ཚད་མི་མཁས་ཏེ།།

གྱང་ནང་གདན་དངུལ་གདན་ཁྲ་མོ་ཡིན།།

གྱང་ནང་གདན་དངུལ་གདན་ཁྲ་མོ་འདི།།

དབུས་ལྷ་སའི་མཐིལ་ནས་ཉོས་ལེ་ཡིན།།

མཛོ་ཁྱུང་དཀར་མེད་ན་མི་དྲང་དུ།།

དངུལ་དཀར་པོ་མེད་ན་མི་ཁུག་དུ།།

དྲི་བ།

ཁྱོད་གྱང་པ་དེ་ཚད་མཁས་ན་གོ།

གྱང་དབྲག་ཕུར་འདི་ལ་བཤད་པ་གྱིས།།

ལན།

ང་གྱང་པ་ཁྱོད་ཚད་མི་མཁས་ཏེ།།

གྱང་དབྲག་ཕུར་ཙནྡན་སྡོང་པོ་དེ།།

གནམ་སྔོན་པོར་ཀ་བ་བཙུགས་པ་འདྲ།།

དྲི་བ།

ཁྱོད་གྱང་པ་དེ་ཚད་མཁས་ན་གོ།

གྱང་ཐག་པ་འདི་ལ་བཤད་པ་གྱིས།།

ལན།

ང་གྱང་པ་ཁྱོད་ཚད་མི་མཁས་ཏེ།།

གྱང་ཐག་རྡོ་རྗེའི་དཔའ་ཆིངས་ཡིན།།

ལྕུག་མདོ་སྟོང་སྐུད་ལྷས་མ་ཡིན།།

དྲི་བ།

ཁྱོད་གྱང་པ་དེ་ཚད་མཁས་ན་གོ།

གྱང་ཁ་བརྒྱང་འདི་ལ་བཤད་པ་གྱིས།།

ལན།

ང་གྱང་པ་ཁྱོད་ཚད་མི་མཁས་ཏེ།།

གྱང་ཁ་བརྒྱང་རྡོ་རྗེའི་ཚུགས་ཤིང་དེ།།

ཆུ་ལ་ཟམ་པ་བཙུགས་པ་འདྲ།།

དྲི་བ།ཁྱོད་གྱང་པ་དེ་ཚད་མཁས་ན་གོ།

གྱང་སྣ་བཀག་འདི་ལ་བཤད་པ་གྱིས།།

ལན།

ང་གྱང་པ་ཁྱོད་ཚད་མི་མཁས་ཏེ།།

གྱང་སྣ་བཀག་རྡོ་རྗེ་གནམ་ལངས་དེ།།

བྲག་རིའི་གདོང་ནས་བལྟས་པ་འདྲ།།

དྲི་བ།

ཁྱོད་གྱང་པ་དེ་ཚད་མཁས་ན་གོ།

གྱང་བྱེའུ་ཆུང་འདི་ལ་བཤད་པ་གྱིས།།

ལན།

ང་གྱང་པ་ཁྱོད་ཚད་མི་མཁས་ཏེ།།

ཕྱི་གསེར་གྱི་བྱེའུ་ཆུང་འདབ་གཤོག་བསྒྱུར།།

ནང་དངུལ་གྱི་བྱེའུ་ཆུང་རྩེད་འཇོ་མཁས།།

དྲི་བ།ཁྱོད་གྱང་པ་དེ་ཚད་མཁས་ན་གོ།།

གྱང་ཐོ་བ་འདི་ལ་བཤད་པ་གྱིས།།

ལན།

ང་གྱང་པ་ཁྱོད་ཚད་མི་མཁས་ཏེ།།

གྱང་ཐོ་གསེར་གྱི་ཐོ་བ་ཡིན།།

དགྲ་མགོ་བརྡུང་བའི་ཐོ་བ་ཡིན།།

དྲི་བ།

ཁྱོད་གྱང་པ་དེ་ཚད་མཁས་ན་གོ།

གྱང་ཟུར་སག་འདི་ལ་བཤད་པ་གྱིས།།

ལན།

ང་གྱང་པ་ཁྱོད་ཚད་མི་མཁས་ཏེ།།

གྱང་ཟུར་སག་དངུལ་གྱི་སྟ་རེ་ཡིན།།

བདུད་དམ་སྲི་འདུལ་བའི་སྟ་རེ་ཡིན།། ཞེས་སོ།།

ཡང་བྱེའུ་ཆུང་དུང་གི་བྱེའུ་ཆུང་ཡིན།།

ཞེས་ཀྱང་ཟེར།

ཡང་། དྲི་བ།

ཁྱོད་གྱང་པ་དེ་ཚད་མཁས་ན་གོ།

བྱ་སྐྱ་ཀའི་མཁྲིས་པ་གང་ན་ཡོད།།

ལན།

ང་གྱང་པ་ཁྱོད་ཙམ་མི་མཁས་ཏེ།།

བྱ་སྐྱ་ཀའི་མཁྲིས་པ་མགོ་ལ་ཡོད།།

དྲི་བ།

ཁྱོད་གྱང་པ་དེ་ཚད་མཁས་ན་གོ།

སྦྲུལ་རེ་འབྱམས་རྐང་ལག་གང་ན་ཡོད།།

ལན།

ང་གྱང་པ་ཁྱོད་ཙམ་མི་མཁས་ཏེ།།

སྦྲུལ་རེ་འབྱམས་རྐང་ལག་ཁོག་ཏུ་ཡོད།།

དྲི་བ།ཁྱོད་གྱང་པ་དེ་ཚད་མཁས་ན་གོ།

འབུ་མཇུག་རྭ་རྭ་ཅོ་གང་ན་ཡོད།།

ལན།

ང་གྱང་པ་ཁྱོད་ཙམ་མི་མཁས་ཏེ།།

འབུ་མཇུག་རྭ་རྭ་ཅོ་རྐུབ་ན་ཡོད།།

ཅེས་མི་སྲིད་སྲིད་པ་རྣམ་གསུམ་སོགས་དྲི་བ་དང་

དྲི་ལན་མང་པོ་བྱེད།

 

མེས་པོའི་གྱང་གླུ་ཁུ་བྱུག་མགྲིན་སྒྲ།


དགོང་ཁར་གྱང་མཚམས་བཞག་དུས།

གྱང་ད་ནངས་བརྡུང་བ་རྒྱ་མཚོའི་འགྲམ།།

ད་དོ་ནུབ་བརྡུང་བ་རི་རྒྱལ་རྩེ།།

བྱ་ཁུ་བྱུག་མིན་ཏེ་གསུང་སྙན་སྒྲོགས།།

རྒོད་ཐང་དཀར་མིན་ཏེ་གནམ་འཕང་གཅོད།།

བྱ་ཚང་ཡོད་ཡིན་ན་ཚང་ཁར་འགྲིམ།།

བྱ་ཚང་མེད་ཡིན་ན་ཤིང་ཁར་འགྲིམ།།

ད་ཁྲི་གདུགས་ཉི་མས་ནུབ་རིར་བརྒལ།།

གྲིབ་སོ་རྒྱ་མོ་ཆུ་ཡིས་ཁུར།། ཞེས་བརྗོད།

ཡང་། གྱང་ད་ནངས་བརྡུང་བ་དོང་མོ་ས།།

ད་དོ་ནུབ་ཨ་སྔོན་གནམ་ལ་ཐུག། ཅེས་ཀྱང་ཟེར།

གྱང་ཁ་གང་ནས་བཀྲ་ཤིས་རྒྱག་དུས།

གནམ་ཨ་སྔོན་འདྲ་བའི་གྱང་ཁ་ལ།།

གསལ་ཉི་ཟླ་འདྲ་བའི་གྱང་པ་རྣམས།།

ཟུར་སྐར་ཚོགས་ངོམས་འདྲས་གྱང་ཞིག་བརྡུང་།།

གྱང་འདི་ལ་བཀྲ་ཤིས་བདེ་ལེགས་ཤོག།

གངས་དཀར་པོ་འདྲ་བའི་གྱང་ཁ་ལ།།

སེང་དཀར་མོ་འདྲ་བའི་གྱང་པ་རྣམས།།

མགོ་གཡུ་རལ་རྒྱས་འདྲས་གྱང་ཞིག་བརྡུང་།།

གྱང་འདི་ལ་བཀྲ་ཤིས་བདེ་ལེགས་ཤོག།

བྲག་དཀར་འཛོང་འདྲ་བའི་གྱང་ཁ་ལ།།

རྒོད་ཐང་དཀར་འདྲ་བའི་གྱང་པ་རྣམས།།

ལུས་འདབ་གཤོག་བསྒྱུར་འདྲས་

གྱང་ཞིག་བརྡུང་།།

གྱང་འདི་ལ་བཀྲ་ཤིས་བདེ་ལེགས་ཤོག།

ནགས་རྒྱ་རྫོང་འདྲ་བའི་གྱང་ཁ་ལ།།

སྟག་དམར་ཡག་འདྲ་བའི་གྱང་པ་རྣམས།།

ལུས་འཛུམ་དྲུག་རྒྱས་འདྲས་གྱང་ཞིག་བརྡུང་།།

གྱང་འདི་ལ་བཀྲ་ཤིས་བདེ་ལེགས་ཤོག།

ཅེས་བརྗོད།

བཀྲ་ཤིས་གྱང་བརྡུང་གི་མཚམས་སུ་འདི་སྐད་

བརྗོད་པར་བྱ་སྟེ།

མཁར་རྩེག་གསུམ་རྩེག་ཀ་བཞེངས་ཉིན་མ།།

ལྷ་བླ་ལུའི་ཆོས་ར་ཡར་དར་ཤོག།

ཆོས་དཀར་པོའི་བསྟན་པ་ཡར་དར་ཤོག།

མི་ལ་ན་ཚ་མི་ཡོང་བའི།།

སངས་རྒྱས་སྨན་ལྷའི་བཀྲ་ཤིས་ཤོག།

ཕྱུགས་ལ་གོད་ཁ་མི་ཡོང་བའི།།

ཛཾ་བྷ་ལ་ཡི་བཀྲ་ཤིས་ཤོག།

ཞིང་ལ་ལོ་ཉེས་མི་ཡོང་བའི།།

ཞིང་ལྷ་ཚངས་པའི་བཀྲ་ཤིས་ཤོག།

མཁར་ལ་ཞིག་རལ་མི་འགྲོ་བའི།།

རྒྱལ་ཆེན་སྡེ་བཞིའི་བཀྲ་ཤིས་ཤོག།

བདུད་ནག་པོའི་བསྟན་པ་མི་དར་བའི།།

གླིང་གེ་སར་རྒྱལ་པོའི་བཀྲ་ཤིས་ཤོག།

གཡང་སྒམ་ནང་དུ་ཁྲོབས་སེ་ཁྲོབ།།

གཡང་ཤུབ་ནང་དུ་སྤུངས་སེ་སྤུང་།།

དཔོན་སྐྱིད་ཨ་སྔོན་དགུང་དང་མཉམ།།

གཡོག་སྐྱིད་ཕུ་དུང་ས་ཁར་གཞོམ།།

དུས་ད་ལོ་འཛོམ་ཚད་ཕ་ལམ་འཛོམ།།

སང་ཕ་ལམ་དགའ་འཛོམ་སྐྱིད་འཛོམ་ཤོག།

བཀྲ་ཤིས་པའི་གྱང་ཁ་ལེགས་པར་བཞེངས།།

གཡང་ཆགས་པའི་གྱང་པ་བདེ་མོར་བཞུགས།།

ཞེས་པའོ།།

མེས་པོའི་གྱང་གླུ་ཁུ་བྱུག་མགྲིན་སྒྲ།

   གཞན་ཡང་གྱང་པ་ཚོས་གྱང་མདའ་ཐོགས་ནས་གྱང་རའི་ཁ་ནས་གྱང་འཕགས་བྱེད་སྟངས་དང་། གོང་དུ་བྲིས་ཡོད་པ་ལྟར་གྱི་གྱང་གླུ་འདྲ་མིན་འགའ་ཞིག་འདུག་པ་རྣམས་ཀྱང་ལེགས་པར་ཁོང་དུ་ཆུབ་པར་བྱེད་དགོས་པ་ཡང་ཤེས་པར་བྱའོ།།

བཀྲ་ཤིས་དགེ་བའི་ཉི་མ་ལ།།

བཀྲ་ཤིས་བདེ་ལེགས་སྣང་བ་རྒྱས།།

བཀྲ་ཤིས་ཕྱོགས་ལས་རྣམ་པར་རྒྱལ།།

བཀྲ་ཤིས་ཕུན་སུམ་ཚོགས་གྱུར་ཅིག།

    ཅེས་གནའ་མིའི་གྱང་མཁན་ཚོ་ལ་གྱང་གླུ་ཐར་ཐོར་མང་པོ་གླེང་རྒྱུ་འདུག་པ་རྣམས་རྩ་བརླག་ཏུ་མི་འགྲོ་བའི་ཆེད་དུ་གསལ་ཁ་གང་དགོས་དང་བཅས་ཏེ། རབ་བརྟན་དགེ་ལེགས་ཕུན་ཚོགས་པས་ཆུ་འབྲུག་སྟོན་ཟླ་ར་བའི་ཚེས་བཅོ་བརྒྱད་ལ་བྲིས་པ་དགེ།།

གྱང་གདན། ཕྱི་གདན། ནང་གདན། དབྲག་ཕུར། དབྲག་རྒྱུན། ཁ་བརྒྱང་། ཀི་ལི། གྱང་མདའ། གྱང་ཐོ། ཟུར་སག  བྱིའུ་ཆུང་། བྱེའུ་མཆུ། ས་བཀག  ལྟག་སྒ།

ཕྱོ་ལེ་ཡ། ཕྱོ་ལེ་ཡ་མོ་ཕྱོ་ལེ་ཡ། གོང་དཔོན་ལུའི་ཁྲིམས་ར་ཡར་དར་ཤོག  མ་སྲུ་ལུའི་གནས་ར་མགོ་འཛོམ་ཤོག


  • ལེ་ཚན་སྔོན་མ།:རྒྱལ་བུ་སྐར་མ་ལྷ་མཐོང་།(༢)
  • ལེ་ཚན་རྗེས་མ།:ཤོ་བཤད་མེས་པོའི་ཤགས་འདེབས་དགེ།
  • རྩོམ་གསར། 10