མཐུན་རྐྱེན་གང་ལེགས་སྤྱད་དེ་འཕེལ་རྒྱས་གཏོང་ཐབས་འཚོལ།

ཀུན་དགས་བྲིས།        2018-01-09

     ཟླ་བ་དང་པོའི་ཚེས4ཉིན། འཐུས་མི་ཚོགས་པ་ཁག་གིས་སྲིད་གཞུང་གི་ལས་ཀའི་སྙན་སེང་དང་འཆར་གཞིའི་སྙན་སེང་། ནོར་སྲིད་སྙན་སེང་བཅས་ལ་གྲོས་ཞིབ་བྱས་པ་རེད། འཐུས་མི་སངས་དགའ་ཡིས་སྲིད་གཞུང་གི་ལས་ཀའི་སྙན་སེང་ནི་དངོས་ཐོག་བདེན་འཚོལ་དང་གཙོ་གནད་འབུར་ཐོན། ཚིག་ཉུང་དོན་བསྡུས་ཤིག་རེད། 2017ལོར་ཁུལ་མི་དམངས་སྲིད་གཞུང་གིས་བརྟན་ཤུགས་སྲུང་འཛིན་དང་ཕྱོགས་བསྡུས་བྱེད་ཐབས། གནད་འཕིགས་ཤུགས་འདོན། འགག་སྒྲོལ་དཀའ་སེལ་བཅས་བྱས་ནས་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཐད་ལ་གྲུབ་འབྲས་ཡག་པོ་ཐོབ་ཡོད་པས་དཔལ་འབྱོར་དམིགས་ཚད་ད་ལོའི་དུས་མཉམ་ལས་མགྱོགས་པ་དང་ལོ་འགོའི་སྔོན་དཔག་ལས་བཟང་བས་གཏན་ལ་ཕབ་པའི་དམིགས་འབེན་ལས་འགན་གྲུབ་ཡོད་པ་རེད། 2018ལོའི་ལས་ཀའི་བཀོད་སྒྲིག་ནི་ཁུལ་ཨུའི་སྤྱི་ཡོངས་ལས་ཀའི་བཀོད་པ་དང་མཐུན་ལ་དཀར་མཛེས་ཁུལ་གྱི་དོན་དངོས་དང་ཡང་མཐུན་པ་ཞིག་རེད་ཅེས་བཤད་ཅིང་གྲོས་འགོ་ལྔ་བཏོན་པ་སྟེ། གཅིག་ནི་སྐྱེ་ཁམས་འཛུགས་སྐྱོང་ལ་མཐོང་ཆེན་བྱ་དགོས་ལ་ཆབས་ཅིག་ཏུ་སྐྱེ་ཁམས་སྲུང་སྐྱོང་ལ་དེ་བས་ཀྱང་མཐོང་ཆེན་བྱ་དགོས། ཁྱད་པར་དུ་ནགས་ཤིང་རང་མོས་གཅོད་པར་ཁྲིམས་འཛིན་ལག་བསྟར་བྱེད་ཤུགས་ཆེ་རུ་བཏང་ནས་རང་ཁུལ་གྱི་གདོད་མའི་ནགས་ཚལ་ལ་སྲུང་སྐྱོང་ཡག་པོ་བྱ་དགོས། གཉིས་ནི་འགྲིམ་འགྲུལ་རྗེས་སུ་ལུས་པ་ནི་སྔར་བཞིན་དཀར་མཛེས་ཁུལ་འཕེལ་རྒྱས་ཀྱི་བཀག་རྡོ་ལྟ་བུ་ཡིན་པས་ངེས་པར་དུ་འགྲིམ་འགྲུལ་ལས་གཞིའི་ཧུར་བརྩོན་དང་འཛུགས་སྐྲུན་ནུས་པ་ཇེ་ཆེར་གཏང་དགོས། གསུམ་ནི་ས་ཁོངས་ཡོངས་སུ་ཡུལ་སྐོར་གཏོང་བ་ཟེར་བ་ནི་ཚང་མས་ཤེས་ཀྱང་དེ་ནི་གང་སར་མེ་ཏོག་གིས་གང་བ་ཞིག་ལ་གོ་རྒྱུ་མེད་པས་གཙོ་བོར་ད་ཡོད་ཀྱི་ལྗོངས་ཁུལ་དང་མི་མངོན་པའི་ལྗོངས་ཁུལ་གསར་སྦོལ་བྱ་རྒྱུ་གཙོ་བོར་བྱ་དགོས། ཆབས་ཅིག་ཏུ་ཡུལ་སྐོར་ལམ་རྒྱུད་ཀྱི་ཡུལ་སྐོར་ཐོན་རྫས་སྐོར་ལ་ཁྲིམས་འཛིན་ལག་བསྟར་བྱེད་ཤུགས་ཆེ་རུ་གཏང་དགོས། བཞི་ནི་སེར་ཤུལ་རྫོང་གིས་ཐུམ་འབུའི་ནད་འགོག་བཅོས་བྱས་པའི་ཉམས་མྱོང་ལ་དཔེ་བལྟས་ནས་ཐུམ་འབུའི་ནད་འགོག་བཅོས་བྱས་ཏེ་རང་ཁུལ་མི་དམངས་བདེ་ཐང་ཡོང་བར་སྐུལ་འདེད་གཏང་དགོས། ལྔ་ནི་རང་ཁུལ་ནི་རང་རྒྱལ་གྱི་ནས་ཐོན་ལས་ཁུལ་གཙོ་བོའི་གྲས་ཤིག་ཡིན་པས་ཁྲོམ་རའི་མདུན་ལམ་རྒྱ་ཆེར་གཏོང་བ་དང་རྒྱལ་སྤྱིའི་ཁྲོམ་ར་ལ་དམིགས་བ། ཀྲུང་གོའི་འབྲུ་རིགས་ཚོགས་པས་རང་ཁུལ་དུ་རྒྱབ་སྐྱོར་བྱེད་པའི་གོ་སྐབས་དམ་འཛིན་དང་ཚོང་ཟོག་ཕྱིར་གཏོང་བྱེད་ཚད་ཇེ་མཐོར་བཏང་ནས་ནས་ཀྱི་ཐོན་རྫས་རིན་ཐང་ཆེ་རུ་གཏང་དགོས་ཅེས་བཤད་པ་རེད།

     འཐུས་མིས་ཀྲུའུ་ཅིན་གྱིས་སྲིད་གཞུང་གི་ལས་ཀའི་སྙན་སེང་ནི་དངོས་ཐོག་བདེན་འཚོལ་དང་དངོས་ཡོད་དྲང་བདེན་ཞིག་ཡིན་ཞིང་། དཔལ་འབྱོར་འཕེལ་རྒྱས་ཡོང་བ་ནི་གཙོ་བོ་ཁེ་ལས་སྐུལ་ཁྲིད་བྱས་པར་རག་ལས་པས་སྲིད་གཞུང་གིས་ཁེ་ལས་འཕེལ་རྒྱས་གཏོང་བར་མཐོང་ཆེན་བྱས་ནས་ཁེ་ལས་འཕེལ་རྒྱས་ཡོང་བར་ཁོར་ཡུག་བཟང་པོ་ཞིག་བསྐྲུན་དགོས་པའི་གྲོས་འགོ་བཏོན་པ་རེད།། 


  • ལེ་ཚན་སྔོན་མ།:འཕེལ་རྒྱས་དོན་དུ་ཐབས་འདོན་བྱས།དམངས་འཚོའི་ཆེད་དུ་ཇུས་འདོན་བྱས།
  • ལེ་ཚན་རྗེས་མ།:སྐབས་བཅུ་གཉིས་པའི་ཁུལ་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གཉིས་པའི་ཐོག་གྲོས་གཞི13དང་གྲོས་འགོ་དང་སྐྱོན་བརྗོད།བསམ་འཆར་བཅས95འབྱོར།
  • དོ་སྣང་ཆེ་བའི་རྩོམ།