རྟའུ་རྣམ་རྒྱལ་མཆོད་རྟེན།

        2018-01-08

རྟའུ་རྣམ་རྒྱལ་མཆོད་རྟེན།

རྟའུ་རྣམ་རྒྱལ་མཆོད་རྟེན་ནི་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་རྟའུ་རྫོང་གི་གཤིས་ཆུ་གྲོང་རྡལ་དུ་བཞེངས་ཡོད་ལ། རྟའུ་མྱི་མཚོ་དགོན་དང་རྫོང་སྲིད་གཞུང་སོགས་ཀྱི་ཤར་ཕྱོགས་སུ་ ཡོད།

རྟའུ་རྣམ་རྒྱལ་མཆོད་རྟེན་ནི་དབུས་ཀྱི་མཆོད་རྟེན་གཙོ་བོ་དང་མཆོད་རྟེན་ཆུང་བ་ཉེར་བཞིས་གྲུབ་ཡོད། རྒྱུ་ཆ་རྡོ་དང་ཤིང་ཡིན།  མཆོད་རྟེན་གཙོ་བོའི་མཐོ་ཚད་ལ་སྨི54.32དང་། འདབས་གདན་གྱི་རྒྱ་ཁྱོན་ལ་སྨི28.5ཡོད། རྩེག་རིམ་བཅུ་གསུམ་ཡོད་པ་དང་ནང་དུ་ཤིང་གི་སྐས་ཡོད་པས་མཆོད་རྟེན་གྱི་རྩེ་མོ་བར་དུ་བསྐྱོད་ཐུབ། མཆོད་རྟེན་དབུས་མའི་མདུན་ཐད་དུ་ཆོས་ཁྲི་དང་། ལྷོ་བྱང་ནུབ་གསུམ་གྱི་མཐའ་འཁོར་དུ་བཟོ་བཀོད་མཛེས་པའི་མཆོད་རྟེན་ཆུང་ཆུང་གིས་བསྐོར་ཡོད། མཆོད་རྟེན་ཆེ་ཆུང་ཚང་མ་བུམ་པའི་དབྱིབས་དང་ལྡན་པའི་མཆོད་རྟེན་ཡིན་པ་དང་། མཆོད་རྟེན་དབུས་མ་མཐོ་ཞིང་བརྗིད་ཆགས་ལ་མཆོད་རྟེན་ཆུང་ཆུང་རྣམས་བཀོད་པ་ལེགས་ཤིང་ས་ཤུན་བརྟོལ་ནས་མགོ་འབུས་མ་ཐག་པའི་སྨྱུག་གསར་རེ་རེ་དང་མཚུངས་པ་འདི་ནི་ད་ལྟའི་ཁམས་ཕྱོགས་ཀྱི་མཆོད་རྟེན་ཆེ་ཤོས་རེད།

རྟའུ་རྣམ་རྒྱལ་མཆོད་རྟེན།

    མཆོད་རྟེན་དབུས་མའི་རྨང་གདན་ནི་དབྱིབས་གྲུ་བཞི་ཡིན་པའི་སྡིངས་ཆ་རིམ་པ་གསུམ་གྱིས་གྲུབ་ཡོད་པ་དང་། དེའི་ཕྱོགས་བཞི་རུ་མཆོད་མཇལ་བྱེད་མཁན་ཚོའི་སྐོར་ལམ་ཡོད་ཅིང་དེར་ཟངས་ཀྱི་མ་ཎི་འཁོར་ལ168བསྒྲིགས་ཡོད། ཕྱོགས་བཞིའི་རྩིག་ངོས་སུ་རྒྱལ་ཆེན་རིགས་བཞིའི་སྐུ་རེ་བཞེངས་ཡོད་པ་དང་། ཕྱིའི་གྱང་ལྡེབས་སུ་བོད་རྒྱ་ཡིག་རིགས་གཉིས་ཀྱི་གཟུངས་སྔགས་དང་སངས་རྒྱས་ཆོས་ལུགས་ཀྱི་རི་མོ་བཀོད་འདུག  སྡིངས་ཆའི་ཐོག་ཏུ་དབྱིབས་གྲུ་བཞི་ཡིན་པའི་མཆོད་གདན་ཡོད་ཅིང་ཕྱོགས་བཞིར་ལྷ་ཁང་བཅུ་གཉིས་ཡོད།  རྩེ་མོའི་ཕྱོགས་བཞི་རུ་ཀུན་དགའ་ར་བ44ཡོད་པའི་ནང་ལྷ་སྐུ་རེ་བཞེངས་ཡོད།  དཀྱིལ་སྐེད་ནས་རིམ་གྱིས་ཇེ་ཕྲར་སོང་ནས་ཐོག་མར་དབྱིབས་སྒོར་མོའི་བཟོ་བཀོད་རིམ་པ་གསུམ་ཡོད་པ་དེའི་རིམ་པ་རེ་རེར་སྒེའུ་ཁུང་གྲུ་བཞི་རེ་འདུག། དེའི་གོང་དུ་བུམ་པ་ཡོད་ཅིང་དེར་ལྷ་ཁང་བཞི་འདུག། ཡར་འཛེགས་ནས་རྩེག་རིམ་དགུ་པར་སླེབས་ཚེ་ཕྱི་ཡི་སྒོར་དབྱིབས་ཀྱི་ཁྱམས་ལམ་དུ་སླེབས་ཐུབ། ལག་འཇུའི་གམ་དུ་ལངས་ནས་རྒྱང་རིང་དུ་བལྟས་ཚེ་བརྗིད་ཆགས་པའི་གངས་རི་དང་རྟ་རྒོད་བཞིན་འཕྱོ་བའི་གཤིས་ཆུ་ཚང་མ་གསལ་ལེར་མཐོང་ཐུབ། རྩེག་རིམ་བཅུ་གསུམ་པ་ནི་རྒྱ་ཕིབས་ལྡན་པའི་སྡིངས་ཆ་ཆེན་པོ་ཞིག་རེད། དེའི་མཐའ་བསྐོར་ནས་བསྐྱོད་ཚེ་རྫོང་མཁར་ཧྲིལ་པོར་ལྟད་མོ་བལྟས་ཆོག། དེའི་སྟོད་ཕྱོགས་སུ་གདུགས་རིམ་པ་བཅུ་གསུམ་དང་གཟུངས་སྔགས་མང་དུ་སྣང་ལ་སྣེ་མོར་གསེར་འོད་ལམ་ལམ་དུ་འཕྲོ་བའི་ཉི་ཟླའི་ཏོག་ཡོད།

   རྣམ་རྒྱལ་མཆོད་རྟེན་གཡས་གཡོན་གྱི་མཆོད་རྟེན་ཆུང་ཆུང16གི་ནང་དུ་དེ་བཞིན་གཤེགས་པའི་སྐུ་དང་། རྙིང་མ་དང་། ས་སྐྱ། བཀའ་བརྒྱུད། དགེ་ལུགས་བཅས་བོད་བརྒྱུད་ནང་བསྟན་གྱི་གྲུབ་མཐའ་ཆེན་པོ་བཞིའི་སྲོལ་འབྱེད་པ་དང་ཆོས་སྐྱོང་གི་སྐུ་བརྙན58བཞེངས་འདུག། གྲུབ་མཐའ་ཁག་གི་སྐྱེས་ཆེན་དམ་པ་ཚོའི་སྐུ་བརྙན་རིས་སུ་མ་ཆད་པའི་ངང་ལ་ལྷ་ཁང་གཅིག་ཏུ་བཞེངས་ཡོད་པའི་རྐྱེན་གྱིས་སྐྱེ་བོ་ཁྲི་སྟོང་མང་པོས་མོས་གུས་བླ་ལྷག་ཏུ་བྱེད། མཆོད་སྒྲོམ་གྱི་ནང་དུ་ལི་མའི་ལྷ་སྐུ68བཤམས་ཡོད་པ་དང་། བཀའ་བསྟན་གཉིས་ཀྱིས་གཙོས་པའི་གླེགས་བམ་བརྒྱ་ཕྲག་དུ་མ་བརྩིགས་འདུག། མཆོད་རྟེན་ནང་རོལ་གྱི་བར་ཁྱམས་སུ་སྟོན་པ་ཤཀྱ་མུ་ནེའི་སྐུ་ཚེ་གཅིག་གི་མཛད་འཕྲིན་མཚོན་པའི་ཐང་ག་བཀལ་འདུག། མཆོད་རྟེན་གྱི་གཟུངས་གཞུག་ཏུ་གསེར་ཚོན་བྱུགས་པའི་ཤིང་གི་སྐུ་བརྙན16བཞུགས་སུ་གསོལ་ཡོད་པ་ཚང་མར་རིག་དངོས་ཀྱི་རིན་ཐང་ཆེ།


རྟའུ་རྣམ་རྒྱལ་མཆོད་རྟེན།

   ལྷ་ཁང་ནང་གི་ལྷ་སྐུ་ཚང་མ་བྱོན་ལེགས་ཤིང་གསོན་ཉམས་ལྡན། དེའི་ནང་བྱམས་དང་སྙིང་རྗེའི་རང་གཟུགས་སུ་གྲུབ་པའི་བྱང་ཆུབ་སེམས་དཔའ་གཞན་དག་དང་། འཕགས་པ་ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་། ཁྲོ་འཁྲུག་རྔམ་པའི་རྒྱལ་ཆེན་རིགས་བཞི། འཇིགས་རུང་གི་ཉམས་དང་ལྡན་པའི་ཆོས་སྐྱོང་སོགས་མཇལ་རྒྱུ་མང་།

   རྣམ་རྒྱལ་མཆོད་རྟེན་འདི་ཉིད་བོད་བརྒྱུད་ནང་བསྟན་གྱི་བཟོ་བཀོད་དུ་གཏོགས་ཤིང་མཆོད་རྟེན་ཧྲིལ་པོའི་གཙོ་ཕལ་གྱི་དབྱེ་བ་གསལ་ཞིང་མཐོ་དམན་ཚད་དང་རན་ལ་བཀོད་པ་དམ་ཚགས་དང་དབྱིབས་ཚུགས་མིག་ལ་མཛེས་པར་སྣང་། མཆོད་རྟེན་གྱི་ཁ་དོག་དཀར་ཞིང་བརྗིད་ཆགས་པ་དང་གདུགས་རིམ་པ་མང་པོ་ཡོད་པ་ལས་གསེར་འོད་ལམ་ལམ་དུ་འཚེར། ལྷ་ཁང་ལ་རྒྱན་སྤྲས་རྒྱ་ཆེན་པོ་བྱས་ཡོད་པ་དང་མཆོད་རྟེན་གྱི་རྒྱ་ཕིབས་ཐོག་གི་དྲིལ་བུ་ལས་རླུང་གི་རྒྱུ་ཕྱོགས་དང་བསྟུན་ནས་སྒྲ་སྙན་པོ་མཚམས་མེད་དུ་གྲག་བཞིན་ཡོད། མི་རིགས་ཀྱི་ཁྱད་ཆོས་མངོན་པར་གསལ་ཞིང་བཟོ་བཀོད་སྒྱུ་རྩལ་ཁྱད་མཚར་བའི་མཆོད་རྟེན་འདིས་སྐྱེ་བོ་རྣམས་ལ་མཛེས་པའི་ཚོར་བ་ཟད་མི་ཤེས་པ་སྦྱིན་པར་བྱེད། དེ་ལས་བོད་རིགས་ངལ་རྩོལ་མི་དམངས་ཀྱི་བཟོ་རིག་པའི་གྲུབ་འབྲས་རྨད་དུ་བྱུང་བ་མཚོན་ཡོད་པས། ཡུལ་སྐོར་བ་རྣམས་ཀྱི་ཡིད་ཀྱི་བརྟན་པ་དབང་མེད་དུ་འཕྲོག་བཞིན་ཡོད།

    རྟའུ་རྣམ་རྒྱལ་མཆོད་རྟེན་ནི་པཎ་ཆེན་སྐུ་ཕྲེང་བཅུ་པ་ཆོས་ཀྱི་རྒྱལ་མཚན་མཆོག་གི་དགོངས་བཞེད་ལྟར་བཞེངས། སྤྱི་ལོ1986ལོར་པཎ་ཆེན་རིན་པོ་ཆེས་རྟའུ་རྫོང་ལ་གཟིགས་སྐོར་མཛད་སྐབས“མེས་རྒྱལ་གོང་བུ་གཅིག་གྱུར་ཡོང་བར་སྲུང་སྐྱོང་དང་། མི་རིགས་མཐུན་སྒྲིལ་དམ་དུ་གཏོང་བ། བོད་ཁུལ་བརྟན་ལྷིང་ཡོང་བ་བཅས་ཀྱི་ཆེད་དུ། མི་རིགས་དང་། ས་ཁུལ། ཆོས་ལུགས་གྲུབ་མཐའ་བཅས་རིས་སུ་མ་ཆད་པའི་མཆོད་རྟེན་ཞིག་ཐུན་མོང་ཐོག་བཞེངས་ནས་ས་དེའི་སྐྱེ་འགྲོ་རྣམས་ཀྱི་བསོད་ནམས་གསོག་པའི་རྟེན་དུ་བྱས་ན་འོས”ཞེས་བཀའ་གསུང་གནང་ཞིང་། རྣམ་རྒྱལ་མཆོད་རྟེན་ཞེས་མཆོད་རྟེན་ལ་མཚན་གསོལ་ཏེ་ཕྱག་བྲིས་གནང་། པཎ་ཆེན་རིན་པོ་ཆེའི་དགོངས་བཞེད་ལྟར་དང་། རྒྱལ་ཁབ་ཀྱིས་ཀྱང་རྒྱབ་སྐྱོར་ཤུགས་ཆེན་གནང་འོག། རྟའུ་རྫོང་གི་མི་རིགས་ཁག་གི་མང་ཚོགས་དང་ནང་བའི་བསྟན་པའི་རྗེས་འཇུག་པ་རྣམས་ཀྱིས་མཉམ་དུ་འབད་བརྩོན་བྱས་པ་བརྒྱུད།  སྤྱི་ལོ1987ལོར་མཆོད་རྟེན་གྱི་རྨང་གཞི་བཏིང་ནས་བཞེངས་འགོ་བརྩམས། ལོ་ངོ་བཞིའི་རིང་ལ་དཀའ་ཚེགས་སྣ་ཚོགས་གདོང་གིས་བསུས་ཤིང་། སྒོར་ས་ཡ་དུ་མ་བཏང་ནས་སྤྱི་ལོ1991ལོའི་ཟླ་བཅུ་པར་ཡོངས་སུ་གྲུབ་སྟེ་རབ་གནས་མཛད། མཆོད་རྟེན་ནང་ཡོད་པའི“པཎ་ཆེན་རིན་པོ་ཆེའི་རྒྱལ་གཅེས་རིང་ལུགས་ཀྱི་དགོངས་པ་དར་སྤེལ་གཏོང་དགོས”ཞེས་པའི་ཡི་གེ་དེ་ནི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ང་ཕོད་ངག་དབང་འཇིགས་མེད་ལགས་ཀྱི་ཕྱག་བྲིས་རེད།།

རྟའུ་རྣམ་རྒྱལ་མཆོད་རྟེན།

  • ལེ་ཚན་སྔོན་མ།:བོད་ཀྱི་ཉེར་མཁོའི་ཅ་ལག་ལས་རྭ་ཆས།
  • ལེ་ཚན་རྗེས་མ།:ཁམས་ལི་ཐང་བྱམས་ཆེན་ཆོས་འཁོར་གླིང་གི་བཅོ་ལྔ་མཆོད་པ།