བོན་པོ།

དུང་དཀར་རིན་པོ་ཆེན།        2010-04-27

བོད་དུ་སངས་རྒྱས་ཆོས་ལུགས་མ་བྱུང་གོང་གི་གནའ་རབས་ཆོས་ལུགས་ཤིག་ཡིན།བོན་གྱི་ལོ་རྒྱུས་སྐོར་སངས་རྒྱས་ཆོས་ལུགས་པའི་མཁས་པ་རྣམས་ཀྱིས་མཛད་པ་དང་བོན་རང་ཉིད་ཀྱི་མཁས་པས་མཛད་པ་བཅས་སྣ་ཚོགས་ཤིག་འདུག་པ་བཤད་ཚུལ་མི་མཐུན་པ་ཡོད།བོན་རང་ཉིད་ཀྱི་བཤད་ཚུལ་ལྟར་ན་བོན་ལ་ཡང་བསྟན་པ་སྔ་དར་བར་དར་ཕྱི་དར་གསུམ་ཡོད་པ་དང་།དེ་ལ་ཡང་བོན་གསར་མ་དང་རྙིང་མ་ཟེར་བའི་བཤད་ཚུལ་མི་འདྲ་བ་ཡོད་པ་དང་།གསང་སྔགས་རྙིང་མའི་རྫོགས་ཆེན་གྱི་ལྟ་བ་ཡང་བོན་རྙིང་མའི་ལྟ་བ་ཡིན་ཚུལ་བཤད་འདུག བོན་དཀར་ནག་ཁྲ་གསུམ་ཟེར་བའི་བཤད་ཚུལ་དང་།བརྡོལ་བོན་དང་།འཁྱར་བོན།བསྒྱུར་བོན་བཅས་ཀྱི་བཤད་ཚུལ་ནི་སངས་རྒྱས་ཆོས་ལུགས་པས་བོན་གྱི་ལོ་རྒྱུས་འཆད་སྐབས་ཀྱི་བཤད་ཚུལ་ཡིན་པས་དེ་འདྲ་བོན་རྣམས་ཀྱིས་ཁས་མི་ལེན།བོན་ཆོས་ཐོག་མར་གསར་གཏོད་མཛད་པ་པོ་བོན་སྟོན་པ་གཤེན་རབ་ཡིན།ཁོང་གང་དུ་འཁྲུངས་པའི་སྐོར་བོན་རང་གི་ལོ་རྒྱུས་སུ་སྟག་གཟིག་འོལ་མོ་ལུང་རིང་ཟེར་བ་ཁ་ཆེའི་ཡུལ་དང་ཐག་ཉེ་བའི་གནས་ཤིག་ཡིན་པར་བཤད།བོད་ཀྱི་ལོ་རྒྱུས་འགའ་ཞིག་ཏུ་ཞང་ཞུང་གི་ཡུལ་ཡིན་པ་དང་།འགའ་ཞིག་ཏུ་འོན་མདའ་མངའ་རིས་གྲྭ་ཚང་ཆགས་སའི་གནས་དེ་ཡིན་པར་བཤད་པ་སོགས་མི་མཐུན་པ་ཡོད།བོན་གྱི་སྟོན་པ་གཤེན་རབ་ནི་སངས་རྒྱས་བཅོམ་ལྡན་འདས་མ་འཁྲུངས་གོང་དུ་བྱུང་བ་དང་།བོན་ཆོས་བསྟན་ནས་མྱ་ངན་ལས་འདས་རྗེས་སངས་རྒྱས་ཤྰཀྱ་ཐུབ་པར་སྤྲུལ་ནས་ནང་པ་སངས་རྒྱས་པའི་ཆོས་བསྟན་པ་ཡིན་ཞེས་འཁོད་འདུག་པས།བོན་དང་ཆོས་གཉིས་ཕན་ཚུན་འཁོན་འཛིན་ཆེན་པོ་བྱེད་དགོས་དོན་མི་འདུག་སྙམ།
  • ལེ་ཚན་སྔོན་མ།:གནས་སྐབས་མེད།
  • ལེ་ཚན་རྗེས་མ།:གཡུང་དྲུང་བོན་གྱི་སྲིད་པའི་ལྟ་ཚུལ་སྐོར་མདོ་ཙམ་གླེང་བ།