གངས་དཀར་རིགས་གསུམ་མགོན་པོའི་གནས་བཤད།

བདེ་ཆེན་གྱིས་བསྒྲིགས།        2017-12-19

གངས་དཀར་རིགས་གསུམ་མགོན་པོའི་གནས་བཤད།

འཕགས་པ་སྤྱན་རས་གཟིགས་ཀྱི་གནས་བཤད།

ཕྱོགས་བཅུའི་རབ་འབྱམས་རྒྱལ་བ་མ་ལུས་པའི།།

ཡོན་ཏན་ལྷུན་རྫོགས་འཕགས་མཆོག་པད་མ་ཅན།།

ཐུགས་རྗེ་ཆེན་པོས་རབ་དཀར་ལྷུན་པོར་བརྗིད།།

གཟུགས་སུ་ཤར་བའི་འཇིག་རྟེན་དབང་ཕྱུག་འདུད།།

      ཅེས་སྔོན་དུ་བསུས་ནས་ཐུགས་བརྩེ་བ་ཆེན་པོའི་བདག་ཉིད་ཅན་ས་བཅུའི་དབང་ཕྱུག་འཕགས་མཆོག་སྤྱན་རས་གཟིགས་ཀྱི་གནས་རིའི་ཞལ་བོད་ཀྱི་ཕྱོགས་སུ་གཟིགས་ཤིང་། སྤྱན་རས་གཟིགས་ཀྱི་གཡས་གཡོན་དུ་བདེ་བཤེགས་བརྒྱད་དང་། བྱང་སེམས་རྣམས།གནས་བརྟན་བཅུ་དྲུག་སོགས་ཀྱིས་བསྐོར། སྤྱན་རས་གཟིགས་ཀྱི་མདུན་དུ་ཡན་ལག་བརྒྱད་ལྡན་གྱི་མཚོ་མུ་ཏིག་དཀར་པོའི་མདོག་ཅན་དབྱིབས་པདྨ་འདྲ་བ་ཞིག་ཡོད། དེའི་ཆུ་ལ་བཀྲུ་ན་ལུས་ངག་ཡིད་གསུམ་གྱི་ནད་སྒྲིབ་ཐམས་ཅད་འདག་པར་འགྱུར། སྤྱན་རས་གཟིགས་ཀྱི་ཐུགས་ཀ་ནས་ས་ག་ཟླ་བའི་ཚེས་བཅོ་ལྔ་ལ་འོ་མ་འདྲ་བའི་ཆུ་འབབ། གཏེར་ཆུ་ཡང་ཟེར། ཆུ་དེ་ལ་བཀྲུ་ན་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་ཐམས་ཅད་འདག་པར་གསུངས། གཏེར་ཆུ་ཡོང་དུས་ཐོག་མ་ཆུ་མགོ་བླང་རྒྱུ་རག་ན་གཏེར་རིལ་སོགས་རིན་པོ་ཆེའི་རིགས་འདྲ་མིན་སྣ་ཚོགས་རྙེད།

གངས་དཀར་རིགས་གསུམ་མགོན་པོའི་གནས་བཤད།  

    དེ་དག་སྲིད་ན་རྙེད་པར་དཀའ་བའི་རིན་པོ་ཆེའི་རིགས་ཤ་སྟག་དང་། ནད་གདོན་ཐམས་ཅད་ཞི་བར་འགྱུར་བའི་བྱིན་རྟེན་རྩ་ཆེན་ཞིག་ཡིན་པར་བླ་མ་དམ་པ་རྣམས་ཀྱིས་གསུངས། གནས་ཆུ་དེ་ཡུན་རིང་ན་ཆུ་ཚོད་གཅིག་གཉིས་ལས་མ་བབས་ཀྱང་ཉིན་གཉིས་གསུམ་རིང་དེ་དང་མཉམ་དུ་འདྲེས་པའི་ཆུ་གཞན་ཡང་དཀར་པོར་ཆགས་ཀྱི་ཡོད། མདའ་ཐང་མགོ་ཡི་ནག་རི་ལ་ཀླུ་རྒྱལ་ཝ་རུ་ཎའི་གནས་དང་དེར་ཀླུ་གྲངས་མེད་གནས་ཡོད། ཧོར་ཕུག་སྒྲུབ་ཁང་ཕར་ཁ་ཡི་བྲག་རི་བདེ་མཆོག་ལུ་ཨི་པ་ལྷ་དྲུག་ཅུ་རེ་གཉིས་ཀྱི་གནས་དང་། གཡས་ཕྱོགས་ཀྱི་བྲག་རི་ཡུམ་མཆོག་རྡོ་རྗེ་ཕག་མའི་གནས་ཡིན། གཞིས་དགོན་དང་ཕྱག་རྡོ་གཉིས་བར་གྱི་བྲག་རི་ལ་དཔལ་གསང་བ་འདུས་པའི་ལྷ་སོ་གཉིས་ཀྱི་གནས་དང་། དེའི་ཉེ་མཚམས་སུ་ཕྱག་ན་རྡོ་རྗེའི་གནས་ཡོད། འབྲུག་རོང་གི་སྟེང་གི་གངས་རི་ལ་རྒྱན་དྲུག་མཆོག་གཉིས་ཀྱི་རང་བྱོན་བཞུགས།འཇམ་དབྱངས་དང་ཕྱག་རྡོ་གཉིས་བར་གྱི་བྲག་རི་མཁའ་འགྲོ་མའི་གནས་དང་། མདུན་དུ་བླ་མཚོ་ཞིག་ཀྱང་ཡོད།ཆོས་སྐྱོང་བྲག་འགག་གི་བྲག་རི་རྡོ་རྗེ་རྣམ་འཇོམས་ཀྱི་གནས་དང་། སྐྱེས་བུ་གསུམ་གྱི་སྲུང་མའི་གནས་ཀྱང་ཡིན་ཟེར། ཆོས་སྐྱོང་བྲག་འགག་གི་ཕར་ཁར་འཇམ་དཔལ་དབྱངས་ཀྱི་རལ་གྲི་མཚོན་པའི་ལྷ་ཤིང་ཤུག་པ་ཞིག་ཡོད། དེ་ལ་རལ་གྲི་ཤུག་པ་ཡང་ཟེར། དེའི་ཡལ་འདབ་ལ་ཨ་ར་པ་ཙ་ཡི་རང་བྱོན་བཞུགས། ཤུག་པ་དེ་ལ་མཚོན་ཆའི་རིགས་སྤྱོད་མི་ཆོག ལོ་འདབ་ས་ལ་ལྷུང་བ་བསྒྲུགས་ནས་བདུག་ན་བཙོག་གྲིབ་སོགས་བསལ་བར་འགྱུར། མུ་ཏིག་མཚོ་དང་འོ་བཟང་མཚོ་གཉིས་ལ་རྟེན་འབྲེལ་གྱི་རྟགས་མཚན་བཟང་ངན་ཅི་རིགས་མཇལ་གྱི་ཡོད་པས་ཁྱད་པར་ཅན་གྱི་མཚོ་ཞིག་ཡིན་པར་བླ་མ་དམ་པ་རྣམས་ཀྱིས་བསྔགས་བརྗོད་གནང་། འོ་བཟང་མཚོའི་སྟེང་བྲག་རི་ལ་རྒྱལ་བ་རིགས་ལྔ་ཡི་རང་བྱོན་དང་། མདུན་དུ་མཎ་ཌལ་ཚོམ་བུ་ལྔ་བཀོད་པ་ལྟ་བུའི་མཚོ་ཞིག་ཡོད། དེ་རྒྱལ་བ་རིགས་ལྔའི་བླ་མཚོ་ཡིན་གསུངས། མུ་ཏིག་མཚོའི་སྟེང་གངས་རི་ལ་སྤྱན་རས་གཟིགས་ཕྱག་བཞིའི་རང་བྱོན་དང་། དེའི་གཡས་གཡོན་དུ་མཆོད་པའི་ལྷ་མོ་བཞི་ཡི་རང་བྱོན་ཡང་མཇལ་རྒྱུ་ཡོད། སུམ་མདོ་སྟེང་གཡོན་ཕྱོགས་སུ་ཐག་གཡོ་བྲག་ལ་སྒྲུབ་ཁང་ཞིག་ཡོད། དེའི་སྟེང་གི་གངས་རི་ཉེ་བའི་སྲས་ཆེན་བརྒྱད་ཀྱི་གནས་ཡིན།

གངས་དཀར་རིགས་གསུམ་མགོན་པོའི་གནས་བཤད། 

   སུམ་མདོ་སྟེང་ལམ་ལྟག་གངས་རི་ལ་སྟོན་པ་བདེ་གཤེགས་བརྒྱད་ཀྱི་རང་བྱོན་ཡོད། སུམ་མདོ་དང་ལྕུག་གུག་ཐང་གཉིས་ཀྱི་བར་དུ་ས་རུད་དེ་དམྱལ་བའི་སར་ཟེར། དེར་བསྐོར་བར་ཕེབས་མཁན་རྣམས་རྐང་རྗེན་བསྐྱོད་ན་རང་གི་སྡིག་སྒྲིབ་འདག་པའི་དགེ་མཚན་ཡོད། དེར་སྤྱན་རས་གཟིགས་ཀྱི་བླ་རྡོ་ཡང་རྙེད། འོག་ཏུ་སྟག་ལྤགས་མཚོ་ཞེས་པ་ཞིག་ཡོད། ལྕུག་གུག་ཐང་མགོར་ཀླུ་ཆེན་བརྒྱད་ཀྱི་གནས་དང་། དེར་གནས་ཆུ་ལ་བཀྲུ་ན་ཀླུ་ཡིས་གནོད་པའི་ནད་རིགས་ཐམས་ཅད་བསལ་བར་འགྱུར། ལྕུག་གུག་ཐང་གི་བྲག་རི་ལ་སྟོང་བཤགས་ལྷ་སུམ་ཅུ་སོ་ལྔ་ཡི་གནས་ཡོད། དེ་ནས་ལ་རྒྱབ་ལམ་ལྟག་གི་བྲག་རི་ལ་གནས་བརྟན་བྷ་ར་དྷ་ཛའི་རང་བྱོན་བཞུགས། སྐད་སྒྲོག་བྲག་རི་ལ་བཀའ་འགྱུར་པོད་བརྒྱ་དང་བརྒྱད་ཀྱི་རང་བྱོན་བཞུགས་ཟེར། སྐད་སྒྲོག་བྲག་གི་གཡས་ཕྱོགས་སུ་དམྱལ་བའི་ལས་ཀྱི་རྒྱ་མ། ཤེལ་གྱི་མེ་ལོང་། དམྱལ་བའི་བཙབ་སྟན། དམྱལ་བའི་ཁྲོ་རྫ་སོགས་ཡོད། 

གངས་དཀར་རིགས་གསུམ་མགོན་པོའི་གནས་བཤད།

ལའོ་ཁའེ་བཞུགས་མྱོང་བའི་ཁང་པ།

    དེར་བསྐྱོད་དུས་མ་ཎི་རྒྱང་འབོད་བྱེད་བཞིན་འགྲོ་ན་ཕན་ཡོན་ཤིན་ཏུ་ཆེ་བར་བཤད། ཚུར་སློག་ནས་གཡས་ཕྱོགས་སུ་གངས་རི་རྒྱལ་བ་མི་འཁྲུག་པའི་གནས་ཡིན། སྤྱན་རས་གཟིགས་ཀྱི་གནས་ཀྱི་གཡོན་ཕྱོགས་སུ་སེང་ལྡིང་ནག་སྒྲོལ་མའི་གནས་དང་། འཕགས་པ་ཐུགས་རྗེ་ཆེན་པོའི་རང་བྱོན་ཞལ་མཚོ་མགོའི་ཕྱོགས་སུ་གཟིགས། རྡོ་རྗེ་ལ་དང་ཕུར་ཐར་ལ་གཉིས་ཀྱི་བར་མཁའ་འགྲོ་མའི་དབུ་སྐྲ་ཡིན་ཟེར་བའི་རྩ་སྔོ་པོ་ཡ་མཚན་ཞིག་ཡོད། ཕུར་ཐར་ལ་ལ་སྒྲོལ་མ་ཉེར་གཅིག་གི་རང་བྱོན་དང་། མདུན་དུ་སྒྲོལ་མའི་བླ་མཚོ་གཡུ་ཡི་མདོག་ཅན་ཞིག་ཡོད། སྤྱན་རས་གཟིགས་ཀྱི་མདུན་གྱི་གཡས་ཕྱོགས་སུ་ལྷ་དམག་ལ་འཕགས་པ་གནས་བརྟན་བཅུ་དྲུག་དང་། གཡོན་ཕྱོགས་སུ་རྡོ་རྗེ་ཕག་མོའི་གནས་རྣམས་ནི་སྤྱན་རས་གཟིགས་ཀྱི་གནས་དང་དེའི་ཉེ་འཁོར་དུ་བཞུགས་པའི་གནས་རྣམས་ཀྱི་གནས་བཤད་མདོར་ཙམ་མོ།།

གངས་དཀར་རིགས་གསུམ་མགོན་པོའི་གནས་བཤད། 

རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་གནས་བཤད།

རབ་འབྱམས་རྒྱལ་བའི་མཁྱེན་རབ་གཅིག་ཏུ་བསྡུས།།

ངག་གི་དབང་ཕྱུག་རྗེ་བཙུན་འཇམ་དཔལ་དབྱངས།།

རིན་ཆེན་རྡུལ་མང་བརྩིགས་པའི་ལྷུན་པོ་བརྗིད།།

རྣམ་མང་མཛད་བཟང་ཅི་ཡང་བསྟན་ལ་བསྟོད།།

      ཅེས་བསྟོད་པ་སྔོན་དུ་བཏང་ནས་རྒྱལ་བ་ཀུན་གྱི་མཁྱེན་བརྩེའི་ནུས་པ་གཅིག་ཏུ་སྤུངས་པའི་རྗེ་བཙུན་འཇམ་དབྱངས་ཀྱི་གནས་ཀྱི་ཞལ་འཇང་ཕྱོགས་སུ་གཟིགས། སྙག་གཤེད(སྨྱག་ཤད)རྫ་ཡ་མགོའི་ལམ་ལྟག་བྲག་རི་ལ་སེང་གདོང་མ་གཙོ་འཁོར་གསུམ་གྱི་གནས། སྙག་གཤེད་བྲག་ཕུག་འཇིགས་བྱེད་དཔའ་བོ་གཅིག་པའི་གནས་དང་འཇམ་དབྱངས་དཀར་པོའི་རང་བྱོན་མཇལ་རྒྱུ་ཡོད། སྙག་གཤེད་གསེར་རྒྱན་ཁ་རི་ལ་ཚེ་དཔག་ལྷ་དགུའི་རང་བྱོན་ཡོད་གསུངས། སྟག་དུག་ལ་མགོ་ནས་འཇམ་དབྱངས་ཀྱི་གནས་རི་ཡིན། དེའི་ཚུར་ཕྱོགས་ཀྱི་བྲག་རི་བདེ་མཆོག་དྲིལ་བུ་ལྷ་ལྔའི་གནས་དང་། མཁའ་འགྲོ་མའི་གནས་ཡིན། དེའི་བྲག་སྐེད་ནས་འབབ་པའི་ཆུ་དེ་ནི་ཡུམ་མཆོག་རྡོ་རྗེ་མཁའ་འགྲོ་མའི་ནུ་མ་ནས་འབབ་པའི་ཆུ་དང་། ཆུ་སྙོམ་ཞེས་ཀྱང་ཟེར། དེའི་གཡས་གཡོན་དུ་མཁའ་འགྲོ་མ་ལྷ་ཚོགས་རྣམས་ཀྱི་གནས་དང་བླ་མཚོ་སོགས་གནས་མང་པོ་མཇལ་རྒྱུ་ཡོད། བྱ་མདའ་ཤོལ་མིག་ཐང་བཅོ་བརྒྱད་ཀྱི་བྲག་རི་ལ་བདེ་མཆོག་ལྷ་ཚོགས་རྣམས་ཀྱི་གནས་ཡིན། དེའི་ཚུར་ཕྱོགས་བྲག་ལྷ་ཁང་ཟེར་བ་ཞིག་ཡོད།

གངས་དཀར་རིགས་གསུམ་མགོན་པོའི་གནས་བཤད།

  དེ་ནི་དགྲ་བཅོམ་པ་ལྔ་བརྒྱ་ཡི་གནས་ཡིན། ལམ་ལྟག་ལྷ་བབ་མཆོད་རྟེན་གྱི་རང་བྱོན་ཞིག་ཡོད་ལ་ཞལ་ཤར་དུ་གཟིགས། ཇ་རྡོ་བྲག་རི་ཛམ་བྷ་ལ་སེར་པོའི་གནས་དང་། དེའི་ལམ་འོག་གི་བྲག་རི་ལ་ཛམ་བྷ་ལ་ནག་པོ་ཡི་གནས་ཡིན། དེར་མཚོ་ནག་པོ་ཞིག་ཡོད། དེ་ནི་མགོན་པོ་ཕྱག་དྲུག་གི་བླ་མཚོ་ཡིན། ཇ་རྡོ་དང་རི་སིལ(རིག་གསལ)མཚོ་གཉིས་ཀྱི་བར་ལ་དཔལ་ལྡན་ལྷ་མོའི་གནས་དང་། དྲེལ་བཏགས་ར་བཅས་ཡོད། རི་སིལ་མཚོའི་འདབས་དེར་དཔལ་ལྡན་ལྷ་མོའི་གནས་ཆུ་ཡོད།

གངས་དཀར་རིགས་གསུམ་མགོན་པོའི་གནས་བཤད།

ལའོ་ཁའེ་ཡིས་པར་དུ་བླངས་པའི་འཇམ་དཔལ་དབྱངས།

  རི་སིལ་མཚོ་ཕུག་གི་བྲག་ལ་འཇམ་དབྱངས་དམར་སེར་སྒྲུབ་གནས་དང་། གྲུབ་ཆེན་བརྒྱད་ཅུའི་གནས་ཡོད། གཡས་ཀྱི་བྲག་འཇམ་དབྱངས་དཀར་པོའི་གནས་ཡིན། དེའི་རྩ་ལ་ཨོ་རྒྱན་རིན་པོ་ཆེའི་སྒྲུབ་ཕུག་དང་ཞི་ཁྲོ་དམ་པ་རིགས་བརྒྱའི་ལྷ་ཚོགས་ཀྱིས་བསྐོར། དེའི་ནགས་རི་ལ་གནས་བདག་གསེར་གྱི་བུ་མོ་གཡུ་སྒྲོན་མ་ལ་དཀར་ཕྱོགས་ཀྱི་ལྷ་ཚོགས་གྲངས་མེད་ཀྱིས་བསྐོར། འོག་གི་ཆུ་མིག་ནང་ཀླུ་རྒྱལ་ནོར་རྒྱས་མ་ལ་ཀླུ་གྲངས་མེད་འཁོར་གྱིས་སྐོར། ནག་ཐང་མགོའི་ནགས་རི་ལ་ཀླུ་རྒྱལ་དུང་སྐྱོང་མ་ལ་ཀླུ་གྲངས་མེད་ཀྱིས་བསྐོར་ནས་ཡོད་པ་དེ་དག་ནི་འཇམ་དཔལ་དབྱངས་ཀྱི་གནས་དང་དེའི་ཉེ་འཁོར་དུ་བཞུགས་པའི་གནས་རི་རྣམས་ཕྱོགས་ཙམ་བསྟན་པ་ཡིན་ནོ།།

གངས་དཀར་རིགས་གསུམ་མགོན་པོའི་གནས་བཤད།

དཔལ་ཕྱག་ན་རྡོ་རྗེ་ཡི་གནས་བཤད།

བདུད་སྡིག་ཐམས་ཅད་འཇོམས་པའི་ནུས་པའི་རྩལ།།

གཅིག་ཏུ་སྤུངས་པའི་གསང་བདག་རྡོ་རྗེ་འཆང་།།

གསང་གསུམ་འཕྲིན་ལས་གཟུགས་སུ་ཤར་བ་ཡི།།

གནས་ཆེན་གངས་དཀར་རི་བོ་ལྷུན་པོ་བརྗིད།།

      ཅེས་པས་སྔོན་དུ་བསུས་ནས་བདུད་སྡིག་ཐམས་ཅད་འཇོམས་པར་ནུས་པའི་མཐུ་སྟོབས་ཀྱི་བདག་པོ་དཔལ་གསང་བདག་རྡོ་རྗེ་འཛིན་པའི་གནས་ཞལ་ག་རུའི་ཕྱོགས་སུ་གཟིགས། མཚོ་མགོའི་ཕར་ཕྱོགས་སུ་བྲག་དགོན་ནི་གནས་བརྟན་བཅུ་དྲུག་གི་ཕོ་བྲང་དང་། སྤ་ཡོ(དཔའ་ཡུལ)སྟོད་གཡས་ཕྱོགས་ཀྱི་བྲག་རི་དཔལ་རྟ་མགྲིན་ཞལ་གསུམ་ཞལ་དྲུག་གི་གནས་ཡིན། གཡོན་ཕྱོགས་སུ་རྟ་མགྲིན་ཞལ་གཅིག་ཕྱག་གཉིས་ཀྱི་གནས་ཡིན། སྤ་ཡོ(དཔའ་ཡུལ)ཁྲོ་འབར་མགོན་དཀར་ཡིད་བཞིན་ནོར་བུའི་གནས་དང་། དེའི་མདུན་དུ་བླ་མཚོ་འོ་མའི་མདོག་ཅན་ཞིག་ཡོད། ཆོས་ཞག་གནད་གྱི་ལ་ཁའི་བྲག་རི་ལ་དྲག་པོ་གསུམ་སྒྲིལ་གྱི་རང་བྱོན་ཞལ་མཚོ་མགོའི་ཕྱོགས་སུ་གཟིགས། ཨ་བྷ་ལ་ཤིང་ཁ་ཡར་ཆོད་བྲག་རིར་བསྐལ་བཟང་སངས་རྒྱས་སྟོང་གི་རང་བྱོན་བཞུགས་ཤིང་། ཤིང་ཁ་དང་གྲ་ཚད་གཉིས་ཀྱི་བར་སྤྱན་རས་གཟིགས་དོན་ཡོད་ཞགས་པའི་གནས་ཡིན། སྔོན་གངས་དཀར་གྲ་ཚད་ལ་ཀླུ་གདུག་པ་ཅན་ཞིག་གིས་གནོད་པ་བསྐྱལ་ནས་སྐོར་ར་ཕེབས་མཁན་རྣམས་འགྲོ་མི་ཕོད་པ་བཟོས། ཕྱག་ན་རྡོ་རྗེས་བརྩེ་བ་ཐུགས་རྗེ་ཆེན་པོས་བཀའ་བསྒོས་ཏེ་གནོད་པ་ཞི་བར་གྱུར། ཕྱག་ན་རྡོ་རྗེ་དཀྲིགས་པའི་སྤྲུལ་ནག་པོའི་ཁ་ནས་ཆུ་འབབ་བཞིན་ཡོད། ཡུལ་མི་རྣམས་ཀྱིས་དེ་ལ་སྦྲུལ་ནག་ཁ་མཆུ་ཞེས་ཟེར། དེ་ནི་གནས་ཆུ་རྩ་ཆེན་ཞིག་ཡིན་པས་འཁྲུད་སོགས་བྱེད་ན་ཕན་ཡོན་ཤིན་ཏུ་ཆེ། ཕྱག་ན་རྡོ་རྗེའི་མདུན་གྱི་བྲག་རི་སྒྲོལ་དཀར་ཡིད་བཞིན་འཁོར་ལོ་དང་། འཇིགས་བྱེད་སོགས་ཀྱི་གནས་ཡིན་གསུངས། གནས་རི་འདི་རྣམས་སུམ་སྐོར་དང་རྐྱང་སྐོར་གྱི་ལམ་འགག་གི་གཡས་གཡོན་དུ་བཞུགས། སུམ་སྐོར་དང་རྐྱང་སྐོར་གང་ལགས་ཤེ་ན། སུམ་སྐོར་ནི་རིགས་གསུམ་མགོན་པོའི་གནས་གསུམ་ག་བསྐོར་ན་སུམ་སྐོར་དང་། སྤྱན་རས་གཟིགས་གཅིག་པོའི་གནས་བསྐོར་ན་རྐྱང་སྐོར་ཞིག་བརྗོད་སྲོལ་ཡོད། སུམ་སྐོར་འགྲོ་ན་འགྲོ་མགྱོགས་བ་རྣམས་ཉིན་གཉིས་དང་དལ་པོ་རྣམས་ཉིན་གསུམ་འགོར་གྱི་ཡོད།

གངས་དཀར་རིགས་གསུམ་མགོན་པོའི་གནས་བཤད། 

    རྐྱང་སྐོར་ལ་ཉིན་གཅིག་ལས་འགོར་གྱི་མེད། སུམ་སྐོར་དང་རྐྱང་སྐོར་གྱི་ལམ་འགག་གི་གཡས་གཡོན་དུ་མཚོ་དང་མཚེའུ། གནས་རི་མང་པོ་མཇལ་རྒྱུ་ཡོད་པ་རྣམས་འདིར་ཕྱོགས་ཙམ་བཀོད་པ་ཡིན། གཞན་ཡང་ཡོད་པ་བརྗོད་མི་དགོས་ཀྱང་བདག་འདྲ་ཐ་མལ་པ་ཞིག་གིས་འདི་ཡིན་དེ་རེད་བཅས་ཁ་ཚོན་ཆོད་པར་དཀའ་བས་འོལ་ཚོད་ཀྱིས་ཞུ་ག་ལ་ནུས། སྐྱེ་བོ་བསོད་བདེ་ཅན་དང་། སྐལ་བཟང་ཅན་རྣམས་བསྐོར་ར་ལ་ཕེབས་དུས་མུ་ཏིག་མཚོ་དང་། འོ་བཟང་མཚོ།རི་སིལ(རིག་གསལ)མཚོ་རྣམས་སུ་དངོས་སུ་རྟེན་འབྲེལ་བཟང་ངན་གྱི་རྟགས་མཚན་མང་པོ་མཇལ་གྱི་ཡོད་པས།

གངས་དཀར་རིགས་གསུམ་མགོན་པོའི་གནས་བཤད།

མཚོ་མགོ་དགོན་པ།

གངས་དཀར་རིགས་གསུམ་མགོན་པོའི་གནས་བཤད།

ལའོ་ཁའེ་ཡིས་པར་དུ་བླངས་པའི་ཕྱག་ན་རྡོ་རྗེ།

   གནས་སྐོར་ཕེབས་མཁན་རྣམས་ཀྱིས་རང་ཉིད་ཀྱི་འདས་མ་འོངས་ད་ལྟ་གསུམ་གྱི་རྟེན་འབྲེལ་གཟིགས་བར་ཕེབས་ན་དགེ་མཚན་ཆེ་བར་སྙམ། ལྷག་པར་བྱ་ཡི་ལོ་ལ་རིགས་གསུམ་མགོན་པོའི་གནས་འདིར་གནས་བརྒྱ་ཚོགས་ཀྱི་ཡོད་པས་ལོ་དེར་བསྐོར་བར་སོགས་ཕེབས་ན་ཕན་ཡོན་ཤིན་ཏུ་ཆེ། གནས་སྐོར་ལ་ཕེབས་པ་ནི་རང་ཉིད་ཀྱི་སྒོ་གསུམ་གྱི་སྡིག་སྒྲིབ་སྦྱང་ཕྱིར་ཕེབས་པ་ལས་ལམ་དང་ལུགས་སྲོལ་ཙམ་གྱི་ཕེབས་ན་ཚེགས་ཆེ་དོན་ཆུང་དུ་འགྱུར་བས་ཤིན་ཏུ་ཕངས། དང་པོར་སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བྱིན་གྱིས་རླབས་པའི་གནས་ཡིན་པར་ཤེས་པར་བྱས་ནས་བསམ་པ་ཀུན་སློང་རྣམ་དག་གི་སྒོ་ནས་བསྐོར་བར་ཕེབས་ན་དོན་མེད་དུ་མ་སོང་བར་ཚེགས་ཆུང་དོན་ཆེན་འགྱུར་བས་ཕྱི་མར་བདེ་འགྲོ་མཐོ་རིས་ཀྱི་གོ་འཕང་རྙེད་པ་སོགས་ཀྱི་དགེ་མཚན་ཁྱད་པར་ཅན་ཡོད་པ་མ་ཟད། གནས་སྐོར་ལ་ཕེབས་པའི་ཉིང་དགོས་ཀྱང་འགྲུབ་བོ།།


  • ལེ་ཚན་སྔོན་མ།:ཟོ་དོར་གཉན་པོ་ཁྲོ་རྒྱལ་ཟིལ་ཕྲོམ་གྱི་རི་ལག་སྡེ་དགེ་ཁྲོ་ལ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།