གསེར་དངུལ་ཐང་ན་ངའི་དྲན་ཤིང་ལུས་ཡོད།

དཀར་ལུང་པདྨ་རྡོ་རྗེ།        2017-12-18

        ༡

མི་ལོ་གྲངས་མེད་ཅིག་གི་དེ་རིང

ངས་ཁྱོད་རང་མཐོང་བྱུང

ཁྱོད་ཀྱི་རྒྱབ་ཕྱོགས་སུ་འཕྱོ་བའི་གནག་སྣུམ་གྱི་

སྐྲ་ལོ་མཐོང་བྱུང

ཁྱོད་ཀྱི་འཛུམ་ཞལ་དུ་མངོན་པའི་ཟུར་མིག་གི་

མདའ་མོ་མཐོང་བྱུང

ཁྱོད་ཀྱི་ངག་རིག་ལས་བརྡོལ་བའི་སེམས་ཁོང་གི་

སྙན་ངག་མཐོང་བྱུང

དེ་དག་ནི 

ལོ་ངོ་དུ་མར་རུམ་པའི་སེམས་ཁོང་གི་རྨ་ཁ་ཡིན

དེ་དག་ནི 

ཡོད་ཚད་ཁོག་ཏུ་སྦས་པའི་ལོ་ཟླ་ཡི་གསང་བ་ཡིན

དེ་དག་ནི 

ལང་ཚོའི་གཞོན་ཤར་འཐིམས་པའི་ཡལ་མེད་ཀྱི་དྲན་ཤིང་ཡིན

          ༢

དགུ་ཆུའི་ཟེགས་མར་བཅོལ་བའི་སེམས་གཏམ་གྱི་རླབས་ཕྲེང

རྨ་ཀླུང་སྔོན་མོར་བསྐུར་བའི་དྲན་གདུང་གི་གླུ་ཆུང་

སྟག་ལུང་རི་བོར་སྤུར་བའི་སྐྱབས་འཇུག་གི་རླུང་རྟ

འདི་དག་ཡོད་ཚད

ངས་བརྩེ་བ་ཞིག་ལ་བཞག་པའི་དན་རྟགས་ཡིན

ངས་དྲན་པ་ཞིག་ལ་བཞག་པའི་རེ་བ་ཡིན

      ༣

དྲན་དྲན་པའི་དེ་རིང

ཁྱོད་གཞི་ནས་མཐོང་བྱུང

ཁྱོད་ཀྱིས 

གཡུ་ཡི་མཚོ་མོའི་ངོགས་སུ

ལྷག་བསམ་གྱི་གླུ་ཆུང་གྱེར་བཞིན་འདུག

ཡངས་པའི་སྤངས་ལྗོངས་ངོས་སུ

དགའ་བའི་བྲོ་གར་འཁྲབ་ཀྱིན་འདུག

གོ་ཐོས་སུ 

དེ་ནི་གསེར་དངུལ་ཐང་རེད་ཟེར

གསེར་དངུལ་ཐང་ན་ངའི་དྲན་ཤིང་ལུས་འདུག


  • ལེ་ཚན་སྔོན་མ།:དོ་ནུབ། ངས་ཡར་ཀླུང་དྲན་གྱིན་ཡོད།
  • ལེ་ཚན་རྗེས་མ།:བཀའ་གདམས་མེས་པོའི་ཕ་ས།