དོ་ནུབ། ངས་ཡར་ཀླུང་དྲན་གྱིན་ཡོད།

རིག་ཞེན་སྲི་ཐར།        2017-12-12

དེ་སྔ། ཡར་ཀླུང་དུ་སླེབས་རེ་བཞིན།

ཡུམ་བུ་བླ་མཁར་གྱི་ཕྱི་ནང་སེམས་ཀྱིས་བཀླགས་མྱོང་།

འཕྱོངས་རྒྱས་ཀྱི་བང་སོར་རྣ་བ་བླགས་མྱོང་།

ཞལ་ཟས་ཞིང་གི་ཆེ་ཆུང་གོམ་པས་འཇལ་མྱོང་།

ཡར་ཀླུང་དུ་མ་བསླེབ་པར་ལོ་ངོ་ལྔ་སོང་ཟིན་དུས།

དོ་ནུབ། ངས་ཡར་ཀླུང་དྲན་གྱིན་ཡོད།

 

ཡར་ཀླུང་ན་ལོ་ཟླའི་མངའ་ཐང་ལུས་ཡོད།

ཉི་ཟླ་རྭ་བར་ན་བཟུང་བའི་གཡག་རྒོད་ཀྱི་ངུར་སྒྲ་ལུས་ཡོད།

ཤེས་རིག་གི་འོད་སྣང་བཀྱེ་བའི་སྒྲ་སྒྱུར་གླིང་ལུས་ཡོད།

ད་དུང་། སྤྲེའུའི་དྲན་ཤེས་རྩེད་ཐང་ཡང་ལུས་ཡོད།

ཡར་ཀླུང་ནི་མཁར་རྫོང་ཞིག་གི་གདན་ས་དེའོ།

ཡར་ཀླུང་ནི་རྣམ་ཤེས་ཤིག་གིས་ཡང་ཡང་འབོད་ས་དེའོ།

ཡར་ཀླུང་ནི་སུ་ཞིག་ལ་དམོད་མོ་བོར་ས་དེའོ།

ཡར་ཀླུང་ནི་ང་དང་ཁྱོད་ཀྱི།

ཤ་ཁྲག་གི་བཞུར་རྒྱུན་ཐོག་མ་དེའོ།

 

དོ་ནུབ། ཡར་ཀླུང་གི་བང་སོ་དང་ཕོ་བྲང་དྲན་གྱིན་འདུག

ཕོ་བྲང་གི་ཕྱི་ནང་འཛོམས་པའི་མི་ཚོ་དྲན་གྱིན་འདུག

ཀེང་རུས་ལ་འཐིམས་པའི་སྙིང་ཉེ་ཚོ་དྲན་གྱིན་འདུག

བང་སོ་དང་ཕོ་བྲང་།

སྙིང་ཉེ་ཚོའི་འདས་མ་ད་གསུམ་ལྷག་པར་དྲན་གྱིན་འདུག

ད་ལྟ་ངས་ཐ་སྙད་མང་དག་ཅིག་ལག་པས་སྐྱོར་ན།

ཡར་ཀླུང་གི་སྔ་ཕྱི་སེམས་ཀྱིས་མཇལ་ཐུབ།

སེམས་པས་ཡར་ཀླུང་མཇལ་ཐེངས་རེ་རེ་ནི།

སྡུག་བསྔལ་ཞིག དངངས་འཚབ་ཅིག

ངལ་དུབ་ཆེ་བའི་འགྲུལ་བཞུད་ཅིག

 

ནམ་ཞིག ཡར་ཀླུང་ལ་འགྲོ་བའི་ལམ་བར་དུ།

ང་རང་འགྱིག་གིས་བཏུམས་པའི།

ཐོབ་ཐང་ལག་འཁྱེར་དུ་གྱུར་ཚུལ་དང་།

ངའི་རུས་མིང་གང་དུ་བོར་བའི་སེམས་ཁྲལ་ལྕི་མོར།

སུ་ཞིག་གིས་ང་ལ་གསལ་འགྲེལ་ཡང་དག་ཅིག་བྱེད་ནུས།


  • ལེ་ཚན་སྔོན་མ།:ནག་པོ།
  • ལེ་ཚན་རྗེས་མ།:གསེར་དངུལ་ཐང་ན་ངའི་དྲན་ཤིང་ལུས་ཡོད།