ནག་པོ།

གངས་ཆར།        2017-12-12

དྲན་པའི་ངོས་སུ་རླུང་དམར་ལྡང་དུས་སུ། །

མིག་ཆུ་དམར་པོ་བྱེ་ཐང་སྒང་དུ་ལྷུངས། །

སྐད་ཆ་སྙན་མོས་སེམས་པ་རླུང་ལ་བསྐུར། །

དྲན་པ་གསལ་པོ་མུན་པ་ནག་པོར་དབང་། །

 

ཁ་སང་བརྩེ་བ་དགོད་སྒྲའི་འཛུམ་མདངས་ཁྲོད། །

དེ་རིང་བརྩེ་བ་གཡང་ཟེའི་ཕྱོགས་སུ་སླེབས། །

རྡོ་བ་ཚ་པོའི་སྟེང་གི་དྲན་པ་འཇིགས། །

བརྩེ་བ་ཟབ་མོ་མི་རྟག་ནག་པོར་དབང་། །

 

རྐང་ལམ་ཕྲ་མོ་རིམ་བཞིན་གཞུང་ལམ་འགྱུར། །

གཞུང་ལམ་ཆེ་ཡང་ངལ་གསོའི་གནས་ཤིག་དཀོན། །

ཕྱི་ཡིས་རྣམ་པས་ནང་སེམས་བཀབ་དུས་སུ། །

སེམས་ཀྱི་བདེ་བ་མུན་པ་ནག་པོར་དབང་། །

 

རྫིང་ཆུ་ལྟར་དུ་ལྷིང་འཇགས་ནམ་རྒྱུན་གཤིས། །

མེ་སྟག་བཞིན་དུ་དྲོད་ཀྱིས་སེམས་པ་དྲོས། །

ཆུ་དང་མེ་གཉིས་མཉམ་དུ་གནས་སྐབས་སུ། །

མི་གཤིས་འཇམ་པོ་འགྱུར་ལྡོག་ནག་པོར་དབང་། །

 

སྐབས་རེ་སེམས་ཀྱི་ཚོར་བ་ཞན་དྲགས་པས། །

ཧད་ཀྱིས་དྲན་པ་བརླགས་ནས་སེམས་པ་སྐྲག །

འཇིག་རྟེན་འཚོ་བ་བདེ་སྡུག་མཉམ་བསྲེས་ལས། །

སྡུག་བསྔལ་ཤུགས་ཀྱིས་བདེ་བ་ནག་པོར་དབང་། །

 

ནམ་མཁའ་སྔོན་པོ་མིག་གིས་བལྟ་ཤེད་ཆེ། །

ས་གཞི་ཡངས་པོ་སེམས་ཀྱིས་རྒྱང་བལྟ་བྱེད། །

མི་ནི་ཇི་ལྟར་གླེང་ཡང་གནམ་སའི་བར། །

སེམས་ཀྱི་བསམ་པ་ཕ་མཐའ་ནག་པོར་དབང་། །

 

ཁ་ཤས་མིག་ཆུས་ངོ་གདོང་བཀྲུས་ནས་འདུག །

ཁ་ཤས་ཁྲེལ་རྒོད་ཁྲོད་ནས་ལུས་པོ་རྒས། །

འཇིག་རྟེན་འགྲོ་མིའི་ལས་དབང་མི་གཅིག་ཀྱང་། །

སེམས་རྒྱུད་ནག་པོར་དབང་དུས་ཅི་ཞིག་ཡལ། །


  • ལེ་ཚན་སྔོན་མ།:ཡབ་ཆེན་ལགས། བཤེས་གཉེན།
  • ལེ་ཚན་རྗེས་མ།:དོ་ནུབ། ངས་ཡར་ཀླུང་དྲན་གྱིན་ཡོད།