ཆུང་འདྲིས་མཛའ་མོ།

དགེ་དར།        2017-12-08

མི་ཚོགས་རྒྱ་མཚོའི་དཀྱིལ་ནས།

མཛའ་མོའི་མིག་ཞགས་གཅིག་གིས།

གཞོན་ནུ་ང་ཡི་སེམས་པ།

དབང་མེད་བདག་ཏུ་བཟུང་སོང་།

བྲག་དཀར་ཀླད་ཀྱི་མེ་ཏོག

བསྙབ་ན་ལག་པས་མི་ལོན།

བསྐྱུར་ན་སེམས་ཀྱིས་མི་བཟོད།

གང་འདྲ་བྱས་ན་ལེགས་སམ།

ལ་ཁའི་དར་ལྕོག་ལྷབ་ལྷུབ།

གྲང་རླུང་གཡུགས་པའི་རྟགས་རེད།

བུ་མོའི་སྒེག་འགྲོས་ལྡེམ་ལྡེམ།

གནས་བདག་མེད་པའི་རྟགས་རེད།

ཀ་བ་གདུང་མ་བཞིན་དུ།

ཁ་ཁོག་དྲང་མོ་ཡིན་ན།

ག་བུར་ལྟ་བུའི་སེམས་པ།

ང་ཡི་བྱམས་པར་ཕུལ་ཆོག

ཅ་ཅོའི་སྨྲ་བ་ཉུང་ཞིང་།

ཆ་ལུགས་ཞི་ཞིང་དུལ་བའི།

ཇ་མདོག་ལྭ་བ་གྱོ ན་པའི།

ཉ་ཆུང་ཡིད་ལ་བབས་སོང་།

སིལ་སྡོང་རིང་ནས་ཅི་བྱེད།

སིལ་འབྲས་སྨིན་པ་ལེགས་དགོས།

བུ་མོ་མཛེས་ནས་གང་ཡོང་།

གཤིས་ཀ་བལ་ལས་འཇམ་དགོས།

ང་རང་ཁྱེད་ལ་དགའ་དགའ།

རིག་པའི་གནས་ལ་དགའ་ན།

ཤེས་བྱ་རིག་པའི་གནས་ལ།

སྔར་ནས་བྱང་ཆ་ལྡན་སོང་།

དགུང་ནས་གཡུ་འབྲུག་གྲགས་པས།

རྨ་བྱས་དགའ་སྤྲོ་འཁྲབ་སོང་།

བུ་མོས་མཛའ་གཞས་བཏང་བས།

བུ་ཆུང་དགའ་བས་མྱོས་སོང་།

རྨོད་མཛོ་རོག་པོ་འགྲོགས་འགྲོགས།

ངེད་གཉིས་འགྲོགས་རྒྱུ་བྱུང་ན།

གཉའ་ཤིང་ཁུར་དགོས་བྱུང་རུང་།

འགྱོད་པ་སྐྱེས་རྒྱུ་མི་འདུག

ཁྱེད་ཀྱི་གཞས་ལ་ཉན་ཉན།

དམ་པའི་ཆོས་ལ་ཉན་ན།

བདེ་ལྡན་ཞིང་དུ་འགྲོ་བར།

ལམ་བྲོ་སྔར་ནས་བསྒྲིགས་ཟིན།

ཆུ་མོ་ཐུར་ལ་བཞུར་བ།

བཀག་ཀྱང་འགག་ཐབས་མི་འདུག

སེམས་པ་བྱམས་པར་ཕྱོགས་པ།

ཕ་མས་བཀག་ཀྱང་མི་ཁོག

ཆར་པ་འབབ་ཐེངས་ཤིག་གིས།

མེ་ཏོག་མགོ་བོ་འབུས་སོང་།

བུ་མོའི་འཕྲིན་པ་གཅིག་གིས།

བུ་ཆུང་སྤྲོ་བ་འཕེལ་སོང་།

ཁྱེད་ནི་སྤང་རྒྱན་པད་མ།

ང་ནི་སེར་ཆེན་མེ་ཏོག

ཚེ་སྔོན་ལས་འཕྲོ་ཞིག་གིས།།

སྤང་ལྗོངས་གཅིག་ལ་འཛོམས་སོང་།

རོང་གི་ཡོས་དཀར་རྩམ་པ།

འབྲོག་གི་འབྲི་མར་སེར་པོ།

འབྱུང་ཡུལ་ཁ་ཁ་ཡིན་རུང་།

དཀར་ཡོལ་ནང་ནས་མཐུན་སོང་།

ངེད་གཉིས་ཆུ་ཕྲན་ཆུང་ཆུང་།

ཆུ་ཕྲན་ཆུ་མགོ་ཁ་ཁ།

ཟམ་མིག་འོག་ནས་འཕྲད་སོང་།

རྒྱ་མཚོ་གཅིག་ནང་འཛོམས་སོང་།

ཉ་མོ་ཆུ་ལ་བརྩེ་བ།

ཆུ་མོ་ཉ་མོར་དུངས་པ།

ཉ་མོ་ཆུ་མོ་གཉིས་ཀ

རྒྱ་མཚོའི་དཀྱིལ་ནས་མཐུན་སོང་།

སྟོད་ཀྱི་གངས་དཀར་རི་བོ།

མཁའ་ཡི་ཉི་མས་མི་ཞུ།

ང་དང་བྱམས་པའི་བརྩེ་དུངས།

ཕ་མས་བཀག་ཀྱང་མི་ཁོག

སྡེ་ཆེན་དཀྱིལ་གྱི་བྱམས་པར།

འགྲོགས་པར་ཕ་མ་མི་འཐད།

བསྐྱུར་ན་སེམས་ཀྱི་མི་ནུས།

གང་འདྲ་བྱས་ན་ལེགས་སམ།

རོ་མངར་སྦི་རག་དྭངས་མོ།

འཐུང་འདོད་སྲེད་པ་སྐྱེས་ནས།

གཅིག་བཞེས་གཉིས་དག་གནང་བས།

མགོ་བོ་ཡོམ་ཡོམ་འདར་བྱུང་།

ཁྱེད་ནི་གཡུ་ཆུང་དྲུག་དཀར།

ང་ནི་དམར་ཆུང་བྱུ་རུ།

ཚེ་སྔོན་ལས་དབང་ཞིག་གིས།

སྐུད་པ་གཅིག་ལ་བརྒྱུས་སོང་།

ཆུང་འདྲིས་བྱམས་པས་བསྐུར་བའི།

ཤོག་དཀར་ཁུག་གི་སྙིང་གཏམ།

ནམ་ཡང་སེམས་ཀྱི་གཏིང་ནས།

བརྗེད་རྒྱུ་ཡོད་པ་མ་རེད།

སྤང་རི་བྲག་རིའི་བར་ན།

ཚེར་སྡོང་མགོ་ལྕོག་ལྡེམ་ལྡེམ།

ང་དང་བྱམས་པའི་བར་ལ།

མི་ངན་ཝ་མོ་འདུར་འདུར།

དཀར་ཡོལ་གངས་དཀར་ཞིག་ལ།

རི་མོ་རྨ་འབྲུག་ཕབས་ཡོད།

དཀར་ཡོལ་ཆག་ན་མ་གཏོགས།

རི་མོ་གསུབ་རྒྱུ་མི་འདུག

ཁྱོད་ནི་དཀར་འཇམ་ཤོག་བུ།

ང་ནི་སྤུས་ལེགས་སྨྱུ་གུ།

སྨྱུ་ཤོག་མཉམ་དུ་སྦྲེལ་ནས།

འགྱུར་མེད་གཏན་ཚིག་བྲིས་ཆོག

ཚེ་འདིར་འབྲི་སྐལ་མེད་རུང་།

སྐྱེ་བ་གཞུག་མ་ཞིག་ལ།

ཤོག་དཀར་གཅིག་གི་སྟེང་ན།

འབྲི་བའི་སྨོན་ལམ་བཏབ་ཆོག

སེམས་དང་སེམས་པ་སྦྲེལ་ན།

ཕ་མས་བཀའ་དབང་མ་དགོས།

རླུང་དང་བསེར་བུ་ཡིན་རུང་།

ཁ་ཁར་གཏོང་ཐབས་དཀའ་འོ།


  • ལེ་ཚན་སྔོན་མ།:གླུ་ཐོག་མ་དར་ཚུལ་གྱི་སྐོར་རགས་ཙམ་གླེང་བ།
  • ལེ་ཚན་རྗེས་མ།:འོ་མ་འཇོ་གླུ།