བརྒྱ་གྱུར་མཛེས་ལྗོངས་ས་ཁུལ་གྱི་འཛུགས་སྐྲུན་སྐུལ་འདེད་གཏོང་བའི་ཆེད་དོན་ཚོགས་འདུ་ཁྲེང་ཏུའུ་རུ་འཚོགས།

ལྷ་འཛོམས་ཀྱིས་བསྒྱུར།        2017-12-07

བརྒྱ་གྱུར་མཛེས་ལྗོངས་ས་ཁུལ་གྱི་འཛུགས་སྐྲུན་སྐུལ་འདེད་གཏོང་བའི་ཆེད་དོན་ཚོགས་འདུ་ཁྲེང་ཏུའུ་རུ་འཚོགས།

      ཟླ་བ11པའི་ཚེས30ཉིན། ཁུལ་ཨུ་དང་ཁུལ་སྲིད་གཞུང་། སི་ཁྲོན་ཡུལ་སྐོར་མ་དངུལ་གཏོང་འཇོག་ཚོགས་པ། ཁྲེང་ཧྭ་ཆུས་ཨུ་དང་ཆུས་སྲིད་གཞུང་བཅས་ཕྱོགས་གསུམ་གྱིས་ཁྲེང་ཏུའུ་རུ་ཆེད་དུ་སྐུལ་འདེད་ཚོགས་འདུ་འཚོགས་ཏེ་འབྲེལ་ཡོད་གནད་དོན་ལ་གྲོས་མོལ་བྱས་པ་རེད།

      ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་གྲོས་ཚོགས་ནང་ཞུགས་ཤིང་གསུང་བཤད་གནང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཞའོ་ཡིའུ་ཚའེ་ཡིས་གྲོས་ཚོགས་ཀྱི་གཙོ་འགན་བཞེས་པ་རེད། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཁྲེན་ཐན་ཆང་དང་སི་ཁྲོན་ཡུལ་སྐོར་མ་དངུལ་གཏོང་འཇོག་ཚོགས་པའི་ཏང་ཨུའི་ཧྲུའུ་ཅི། ཁྲེང་ཧྭ་ཆུས་ཨུའི་ཧྲུའུ་ཅི་ལིའུ་ཀོང་ཆང་སོགས་གྲོས་ཚོགས་ནང་ཞུགས་ཡོད་པ་རེད།

      གྲོས་ཚོགས་ཐོག་ཁྲེང་ཧྭ་ཆུས་ཀྱིས་རོང་བྲག་རྫོང་གི་ས་ཁོངས་ཡོངས་སུ་ཡུལ་སྐོར་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ཇུས་གཞི་དང་ཞིང་ཆེན་ཡུལ་སྐོར་མ་དངུལ་གཏོང་འཇོག་ཚོགས་པས་བརྒྱ་གྱུར་མཛེས་ལྗོངས་ས་ཁུལ་གྱི་འཛུགས་སྐྲུན་དང་འཁོར་སྐྱོད་བྱས་པའི་སྐོར་གྱི་གནས་ཚུལ་ངོ་སྤྲོད་བྱས། རོང་བྲག་རྫོང་གིས་བརྒྱ་གྱུར་མཛེས་ལྗོངས་ས་ཁུལ་གྱི་བདག་གཉེར་དོ་དམ་དང་ཁེ་ཕན་མཉམ་སྤྱོད་ཇུས་གཞི་སྐོར་སྙན་སེང་ཞུས་པར་ཉན་འཇོག་བྱས་པ་རེད།

      ལིའུ་ཁྲེང་མིང་གིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་མཛད་ནས་སི་ཁྲོན་ཞིང་ཆེན་ཡུལ་སྐོར་མ་དངུལ་གཏོང་འཇོག་ཚོགས་པ་དང་ཁྲེང་ཧྭ་ཆུས་ཀྱིས་དཀར་མཛེས་ཁུལ་དང་རོང་བྲག་རྫོང་གི་ཡུལ་སྐོར་འཕེལ་རྒྱས་གཏང་རྒྱུའི་ཐད་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཆེ་ཞུས་པ་རེད། ཁོང་གིས་རོང་བྲག་རྫོང་ལ་ཡུལ་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པ་དང་། ཁྱད་པར་དུ་རོང་བྲག་མཛེས་མའི་ལུང་པ་དང་བརྒྱ་གྱུར་བོད་གྲོང་སོགས་ཀྱི་མཚོན་རྟགས་རྒྱལ་ཁབ་ཕྱི་ནང་དུ་སྐད་གྲགས་ཡོད་ཅིང་། གང་འདྲ་བྱས་ནས་སྤུས་ཀ་ལེགས་ཤིང་ལས་ཆོད་མཐོན་པོས་རོང་བྲག་ཡུལ་སྐོར་ཐོན་ཁུངས་གསར་སྦོལ་བྱས་ནས་འཛམ་གླིང་གི་ཡུལ་སྐོར་དམིགས་ས་དང་ས་ཁོངས་ཡོངས་སུ་ཡུལ་སྐོར་འཕེལ་རྒྱས་གཏོང་བའི་དཔེ་སྟོན་ས་ཁུལ། དབུལ་ཐར་འགག་སྒྲོལ་གྱི་སྲོག་ཤིང་ཐོན་ལས་བཅས་སུ་ཆགས་པ་དེ་ཕྱོགས་གསུམ་ཀའི་ཐུན་མོང་དུ་འབད་བརྩོན་དང་ཐག་གཅོད་བྱ་དགོས་པའི་གནད་དོན་ཡིན་པས། ཕྱོགས་གསུམ་ཀས་རོང་བྲག་རྫོང་དེ་བོད་གྲོང་རིག་གནས་ཤུལ་བཞག་སྲུང་སྐྱོང་བྱ་ཡུལ་དང་གྲོང་གསེབ་དར་སྤེལ་གཏོང་བའི་འཐབ་ཇུས་ཀྱི་དཔེ་སྟོན་ས་ཁུལ་འཛུགས་སྐྱོང་བྱ་རྒྱུའི་དམིགས་ཡུལ་ལ་གཞིགས་ནས་ལས་ཀའི་འགྲིལ་ཤུགས་སུ་ཆགས་པ་བྱས་ནས་བརྒྱ་གྱུར་མཛེས་ལྗོངས་ས་ཁུལ་དེ5Aརིམ་པའི་མཛེས་ལྗོངས་ས་ཁུལ་བསྐྲུན་རྒྱུའི་ལས་ཀ་ཧུར་ཐག་བསྒྲུབ་དགོས་པའི་ཐུགས་རེ་གནང་བ་རེད།

      ལིའུ་ཁྲེང་མིང་གིས་རོང་བྲག་རྫོང་ཨུ་དང་སྲིད་གཞུང་། ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཁག་གིས་མ་སྐུལ་དང་བླངས་ཀྱིས་ལས་དོན་སྒྲུབ་པ་དང་གཙོ་ཤུགས་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་ལས་ཀ་ཁག་མགྱོགས་སུ་དོན་ཐོག་འཁྱོལ་བར་སྐུལ་འདེད་གཏང་དགོས་ཞེས་གསུངས་པ་རེད།

      རེན་ཏིང་གིས་སི་ཁྲོན་ཡུལ་སྐོར་མ་དངུལ་གཏོང་འཇོག་ཚོགས་པས་ཀྱང་ནུས་ཤུགས་ཡོད་རྒུས་དཀར་མཛེས་ཁུལ་ལ་རྒྱབ་སྐྱོར་བྱ་རྒྱུ་དང་ཁྱད་པར་དུ་རོང་བྲག་རྫོང་གི་ཡུལ་སྐོར་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད། ཁོང་གིས་སི་ཁྲོན་ཡུལ་སྐོར་མ་དངུལ་གཏོང་འཇོག་ཚོགས་པས་ཉེ་དུས་ཀྱི་མ་དངུལ་གཏོང་འཇོག་འཆར་གཞི་བཟོ་འགོད་འཐུས་ཚང་དུ་གཏོང་ཞིང་།ཕྱོགས་གང་ཅིའི་ཐད་ཀྱི་ལས་ཀ་དེ་རོང་བྲག་རྫོང་དུ་མགྱོགས་སུ་སྤེལ་བར་སྐུལ་འདེད་གཏང་དགོས་རྒྱུའི་ཐུགས་རེ་གནང་བ་རེད།

      ལིའུ་ཀོང་ཆང་གིས་ཁྲེང་ཧྭ་ཆུས་ཀྱིས་ཞིང་ཆེན་ཏང་ཨུ་དང་ཁྲེང་ཏུའུ་གྲོང་ཁྱེར་ཏང་ཨུའི་བོད་ཁུལ་གྱི་དབུལ་ཕོངས་རྫོང་ལ་རོགས་སྐྱོར་ཐབས་ཇུས་དང་བཀོད་སྒྲིག་གལ་ཆེན་དོན་འཁྱོལ་མཐར་ཕྱིན་བྱས་ནས་རོགས་སྐྱོར་ལས་ཀ་སྤེལ་བ་དེ་གོ་སྐབས་སུ་བརྩིས་ནས་ནུས་ཤུགས་ཡོད་རྒུས་རོང་བྲག་རྫོང་གི་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་གཏང་རྒྱུར་རྒྱབ་སྐྱོར་བྱེད་པ་དང་ཐོན་ལས་འཕེལ་རྒྱས་གཏོང་བ་དེས་དབུལ་ཐར་འགག་སྒྲོལ་ལ་སྐུལ་འདེད་གཏོང་རོགས་བྱས་ནས་རོང་བྲག་རྫོང་གི་དབུལ་ཕོངས་ཀྱི་ཞྭ་མོ་ཕུད་པའི་དམིགས་འབེན་གྲུབ་ཅིང་གྲོང་གསེབ་དར་སྤེལ་གཏོང་བའི་འཐབ་ཇུས་དཔེ་སྟོན་ས་ཁུལ་སྔ་སྣུར་དུ་བསྐྲུན་ཐུབ་པར་ནུས་ཤུགས་འབུལ་རྒྱུ་ཡིན་ཞེས་གསུངས་པ་རེད།།  


  • ལེ་ཚན་སྔོན་མ།:སྨན་བཅོས་ཞབས་ཞུའི་ནུས་པ་མཐོ་རུ་བཏང་སྟེ་མང་ཚོགས་ལ་དངོས་ཕན་ཐོགས།
  • ལེ་ཚན་རྗེས་མ།:ཁུལ་སྲིད་གཞུང་དང་ཞིང་ཆེན་བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་ཅུས་ཀྱིས་དངོས་སུ་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་གན་རྒྱ་བཞག
  • དོ་སྣང་ཆེ་བའི་རྩོམ།