ཤེས་རིག་ནོར་བུ།

བཀྲ་ཤིས་རྣམ་རྒྱལ།        2017-12-06

ཀ་ཁ་སྦྱངས་ནས་ལོ་མང་འགོར་ན་ཡང་།

ཁ་གཡེང་མིག་གཡེང་བྱས་པའི་འབྲས་བུ་ལ།

ག་ས་གང་དུ་སྐྱོད་ཀྱང་ཐ་མར་ལྷུང་།

ང་ཡི་སེམས་ལ་འགྱོད་སེམས་མཁའ་རླངས་འཁྲིགས།

ཅ་ཅོའི་འཆལ་གཏམ་བཤད་ནས་ཉི་མ་བཏང་།

ཆ་ལུགས་གཡོ་སྒྱུ་ཅན་གྱི་རྗེས་སུ་འབྲངས།

ཇ་ཆང་ལོངས་སྤྱོད་ཕྱོགས་ལ་སེམས་པ་ཤོར།

ཉ་མོ་ཆུ་དང་བྲལ་འདྲའི་ཡིད་སེམས་སྐྱོ།

ཏ་ཐའི་སློབ་མ་བཟང་པོའི་རྗེས་སུ་འབྲངས།

ཐ་མའི་བྱ་སྤྱོད་ངན་པ་བཤོལ་ན་ལེགས།

ད་ལྟའི་སློབ་སྦྱོང་གོ་སྐབས་དམ་འཛིན་གྱིས།

ན་ཟླ་ངེད་ཚོ་མ་འོངས་བདག་པོ་ཡིན།

པ་སངས་ཤེས་བྱ་གནང་མཁན་བཤེས་གཉེན་མཆོག

ཕ་རོལ་གཞན་དོན་འཕྲིན་ལས་སྒྲུབ་མཁན་ཚོ།

བ་ལང་ཤ་ཚུགས་མཁན་རྣམས་འདྲེན་མཁན་མཆོག

མ་ལུས་ཡོན་ཏན་འབྱུང་སྒོ་སློབ་དཔོན་བསྟེན།

ཙ་རི་གནས་སྐོར་སེམས་ནས་འདོད་ན་ཡང་།

ཚ་ཚ་འུར་འུར་མ་བྱས་སྙིང་རེ་རྗེ།

ཛ་དྲག་འགྲན་རྩོད་ཆེན་པོས་འཛམ་གླིང་འཕེལ།

ཝ་ལེར་བསམ་ན་རང་རིགས་རྗེས་སུ་ལུས།

ཞྭ་མོ་གྱོན་གོས་སུ་བཟང་མི་འགྲན་ལ།

ཟ་རྒྱུ་བཏུང་རྒྱུ་ཁོ་ན་མི་བསམ་པར།

འ་ཅག་འཕེལ་རྒྱས་འགྲོ་བར་རིག་གནས་སྦྱོང་།

ཡ་རབས་ཤེས་བྱ་ཐམས་ཅད་ཚུར་ལེན་དགོས།

ར་རོ་ཆང་སོགས་སྤྱོད་ངན་རིང་དོར་ཏེ།

ལ་རྒྱའི་དར་ཆ་འཕྱར་ཏེ་ཡོན་ཏན་སྦྱང་།

ཤ་ཞེན་དོན་དང་ལྡན་པའི་རིག་གནས་འདི།

ས་གཞིའི་སྟེང་དུ་རྐང་པ་ཚུགས་དགོས་ན།

ཧ་ཧ་བོད་ཀྱི་ན་གཞོན་ཤེས་ལྡན་ཚོ།

ཨ་གསར་མེད་པར་རིག་པའི་གནས་ལ་སྦྱོང་།

 


  • ལེ་ཚན་སྔོན་མ།:ཨ་མ་ལགས།
  • ལེ་ཚན་རྗེས་མ།:དྲན་གདུང་ངག་གི་རོལ་དབྱངས།