དཔྱིད་ཉི་ཞིག་གི་དྲོ་འཁྱག

ལྷ་མོ་སྐྱབས།        2017-12-06

དཔྱིད་ཉི་ཞིག་གི་དྲོ་འཁྱག

      ནངས་དུས་མལ་ལས་ལངས་མ་ཐག་ཚབ་བི་ཚུབ་བིར་གདོང་གི་མིག་སྐྱག་ཕྱི་ཐབས་ཙམ་གྱི་ཁྲུས་ཤིག་བྱས་ཏེ་རྒྱུན་ལྡན་ལྟར་རྐང་པའི་རྟ་མཆོག་ལ་ཞོན་ནས་མགྱོགས་མྱུར་ངང་སློབ་གྲྭའི་ཕྱོགས་སུ་སོང་།  རླུང་ཆེན་གྱིས་འཁུར་ལ་ཁད་ཀྱི་ལས་ཤག་ཏུ་སླེབས་ཏེ་ཆུ་ཁོལ་ཁམ་གང་ཡང་འཐུང་ཁོམ་ཡོད་མེད་ལ་མ་བལྟས་པར་སློབ་ཕྲུག་ཚོའི་གམ་དུ་སོང་སྟེ་ཀློག་འདོན་དང་བློར་འཛིན་རྒྱུ་སོགས་ཀྱི་ཐད་དུ་འཆར་ཟིན་གྱི་བཀོད་སྒྲིག་རེ་བྱས་རྗེས་ ཞོགས་པའི་ལུས་སྦྱོང་གི་དུས་ལ་སླེབས་པའི་ཅོང་བརྡ་བཏང་ཡོང་།  དེ་མུར་སྒོར་ཕྱིར་ཐོན་པ་ན་གནམ་གཤིས་ཅུང་ཟད་དྭངས་ཤིང་སྤྲིན་པ་སྲབ་མོ་དེའི་གསེབ་ནས་ཐད་ཀར་ཕོག་ཡོང་བའི་ཉི་འོད་ཀྱི་དྲོད་སྣང་ཕྲན་བུ་དེས་ལུས་ལ་རེག་ཙམ་བྱས་པའི་ཚེ་དབྱར་ཕ་མ་འདྲ་བོ་མྱུར་མོར་སླེབས་རྒྱུ་ཡིན་པའི་ཚོར་བ་ཞིག་ཀྱང་སྟེར་བར་བྱེད་ཀྱིན་འདུག

      ཞོགས་ཇ་སྟབས་བདེ་ཞིག་ཀྱང་འཐུང་བའི་ཁོམ་ལོང་ཡོད་མེད་ཀྱིས་སློབ་ཁྲིད་ཀྱི་བྲེལ་ཟིང་ལ་ཞུགས་ཏེ་ཉིན་གུང་གི་ངལ་གསོའི་ཅོང་བརྡ་གྲག་པ་དང་ཆབས་ཅིག    ཕོ་བར་ན་ཟུག་ལངས་ཤིང་འགོག་མེད་ཀྱི་ལྟོགས་སྣང་ཞིག་ཀྱང་སྐྱེས་ཡོང་གི    སྐབས་དེར་རང་བྱུང་གི་གནམ་གཤིས་ཀྱང་འགྱུར་ནས་ཁ་ཕྱོགས་ལ་ངེས་གཏན་མེད་པའི་ས་འཚུབ་བྱེ་འཚུབ་ཀྱིས་ཡོངས་སུ་ཁ་མིག་གཉིས་ཀ་ཁེངས་པར་བྱེད་པ་དང་མཉམ་དུ་མ་བསམ་ས་ནས་གྲང་ངར་གྱི་སྡུག་རྩུབ་ཞིག་ཀྱང་མྱོང་གི་བཅུག་འོང་བའི་ཞོར་ལ་དགུན་ཁའི་གཤེད་མ་དེ་ཡིས་གོ་སྐབས་གང་བྱུང་དང་བསྟུན་ནས་ང་ཚོར་འཇབ་རྒོལ་བྱེད་ཀྱིན་པ་ཡང་ཤེས་སུ་འཇུག་གི་འདུག    ངོ་མ་ཕ་ཡུལ་གླིང་དཀར་སྟོད་ཀྱི་དགུན་ཁ་ཇི་འདྲའི་རིང་མོད།  འོན་ཏེ་སྡུག་གི་མུན་པའི་གཏིང་མཐའ་འདི་ལས་ཀྱང་ཟབ་ཚོད་རེད་དེ།  གྲོགས་པོ་ཞིག་གིས་ང་ལ་ཀུ་རེའི་ཚུལ་གྱིས་སངས་རྒྱས་སྟོང་ཕྲག་བྱོན་ནས་འདྲེན་མ་ནུས་པར་ལུས་པའི་མྱི་དེ་ཁྱེད་རང་རེད་ཟེར་གི

      ཉིན་གུང་གི་ཇ་ཐུན་གྲུབ་རྗེས་སུ་ཁ་ལག་གཙང་མར་བཀྲུས་ཏེ་སླར་ཡང་སློབ་གྲྭར་འགྲོ་བའི་ལམ་དུ་ཞུགས་པ་ན་བདག་གི་སེམས་སུ་སྡུག་བསྔལ་གྱི་ངོ་བོར་གྱུར་བའི་འཆར་སྣང་སྣ་ཚོགས་ཤིག་ཤར་ཡོང་ཞིང་།  ཏག་ཏག་དཔྱིད་ཉི་ཞིག་གི་དྲོ་འཁྱག་དང་མཚུངས་པའི་སྐྱིད་སྡུག་གི་མི་ཚེ་འདི།  གཡོ་སྐྱོམ་གྱི་འཚོ་བ་འདི།  བསྐྱར་ཟློས་ཀྱི་གོ་རིམ་འདི་དག    འཇིག་རྟེན་གྱི་འགྲོ་བ་སུས་ཀྱང་འབད་འབད་འབུང་འབུང་གིས་སྙེག་ཅིང་འཚོལ་གྱིན་པའི་ཡང་སྙིང་ག་རེ་ཡིན་ནམ།  འཁྱག་ན་གྲང་བའི་སྡུག    དྲོ་ན་ཚ་བའི་སྡུག    མི་ཚེ……མི་ཚེ།  སྐྱིད་སྡུག་འདྲེས་མའི་རང་གཟུགས་འཆར་བྱེད་ཀྱི་མེ་ལོང་གི་ཆག་འཕྲོ།  ཇི་ལྟར་འབད་ཀྱང་ཐོབ་བྱ་བྲལ་བའི་ཧམ་སེམས་ཀྱི་རེག་བྱ་དེ་དག

      སྐྱིད་ཅིག་བསམ་ནས་སྡུག་ཅིག་མྱོང་གིན་པའི་འགྲོ་བ་དགགཞན་སྲོག་བཅད་ནས་རང་སྲོག་སྐྱོབས་ཟེར་བའི་སེམས་ཆན་གྲངས་མེད།  ཡོད་ཚད་རང་གིས་བཟོས་པའི་ཚེ་སྲོག་གི་དཔྱངས་ཐག་རིང་པོ་དེའི་སྣེ་མོ་ནས་མར་ལ་འཛར་གྱིན་པའང་རང་གི་ཟུངས་ཁྲག་དྭངས་མའི་ཐིགས་པ་རེ་རེ་མིན་ནམ།  ཕྱི་དྲོའི་ལས་མཚམས་བཞག་པ་དང་ནུབ་ཀྱི་རི་རྩེ་ན་འཁོང་འདར་རྒྱག་བཞིན་པའི་ཉི་མའང་ངུ་ལ་ཁད་ཀྱིས་མར་ལྷུང་གི་འདུག    སེམས་ཆུ་བསགས་པའི་ལོ་ལོན་ཞིག་གི་མིག་ཟུང་དང་མཚུངས་པའི་ཉི་མ་འོད་མེད་དྲོད་མེད་དེར་དམིགས་ཡུལ་གསལ་པོ་མེད་པའི་ཕྱི་མིག་དེས་སུ་ཞིག་ལ་གཏན་གྱི་བདེ་མོ་འཇོག་པ་དང་འདྲ་བར་གཞི་ནས་གནམ་གྱི་མཐའ་ནས་རིག་མི་ཐུབ་པར་འགྱུར་སོང་།

      དངོས་གནས་དཔྱིད་ཉི་ཞིག་གི་དྲོ་འཁྱག་དང་མཚུངས་པའི་སྐྱིད་སྡུག་གི་མི་ཚེ་འདི།  གཡོ་སྐྱོམ་གྱི་འཚོ་བ་འདི།  བསྐྱར་ཟློས་ཀྱི་གོ་རིམ་འདི་དག    མ་གཞིར་མགོ་གང་ནས་ཚུགས་ཤིང་མཇུག་གང་ནས་བསྡུས་འགྲོ་བ་ཡང་བཤད་དཀའ་བའི་ཚེ་སྲོག་གི་རྒྱུད་སྐུད་ཕྲ་མོ་དེ་ནམ་ཞིག་ལ་ཆད་འགྲོ་བར་ངེས་གཏན་མེད་ནའང་།  སུ་ཞིག་ཡིན་རུང་འཁྱག་དུས་དྲོད་ལ་རེ་བ་དང་ལྟོགས་དུས་ཟས་ལ་འཁྲེང་དགོས་པ་ཇི་བཞིན་རྒྱུ་མཚན་ཅི་ཡང་མེད་པའི་འགྲན་རྩོད་ཁྲོད་ཞུགས་ནས་ད་དུང་གནས་ལུགས་མང་པོ་ཞིག་བཙལ་ཏེ་རང་རང་གི་བཙན་ས་རེ་འཛིན་པ་ལ་འཇིག་རྟེན་མི་ཆོས་ཞེས་བསྒྲགས་ཚར་བས།  ད་ནི་སུས་ཀྱང་རང་གི་བདེ་སྐྱིད་ཀྱི་ཆེད་དུ་རང་ཉིད་གཏའ་མར་འཇོག་པའི་ཚོང་ལས་འདི་གཉེར་གྱིན་འདུག


  • ལེ་ཚན་སྔོན་མ།:ང་དང་ངའི་སློབ་བུ་ཚོ།
  • ལེ་ཚན་རྗེས་མ།:སང་ཉིན་ལ་ཕྱོགས་པ།
  • རྩོམ་གསར། 10