ཨ་མ་ལགས།

ལྷ་མོ་སྐྱབས།        2017-12-06

      ཨ་མ་ལགས།  རྨི་ལམ་དང་སྟོང་བསམ་ཁྲོད་ཀྱི་རེ་ལྟོས། འཆར་ཡན་ཚོར་འདུ་དྲག་པོའི་ན་ཟུག་དག་མངོན་སུམ་གྱི་འཚོ་བའི་ཤ་རུས་ལ་འཐིམ་ཡོང་བ་ཅིའི་ཕྱིར་ཡིན།

   བསམ་བློ་ཞིབ་ཏུ་བཏང་ན། ང་རང་ཁོ་ན་ལན་འདུག་པ་འདྲ་ཡང་མཚན་མོའི་སྒེའུ་ཡོལ་འཐེན་འོང་དུས་ཤི་གསོན་མང་པོའི་མིག་ཀོང་དུ་དྲ་བ་དྲ་ཕྱེད་ཀྱི་དྲི་རྟགས་གྲངས་མེད་ཀྱིས་འཚང་ཁ་ཤིག་ཤིག་བྱེད་ཀྱིན་པའང་གཞི་ནས་མཐོང་གི་འདུག

      ང་རང་འདི་ལྟར་གདུག་རྩུབ་དང་ཞེ་འཁོན་གྱི་འཇིག་རྟེན་འཚོ་བའི་འགྲན་རྩོད་ལ་ཞུགས་པར་ཡི་ག་གཏིང་ནས་ཆད་སོང་བའི་སྐོར་གྱི་སྐྱེས་འཕྲིན་དེ་སྔ་མོ་ནས་མ་ཡུམ་ཁྱེད་ལ་འབྱོར་ཨེ་བྱུང་།

      ཨ་མ……ཨ་མ། ངས་ཅི་ཡང་ཤེས་པ་མིན། སྐུ་ཉིད་ཀྱིས་ངལ་བ་ཁྱད་བསད་སྒོས་གཅེས་ཤིང་བསྐྱངས་པའི་བུ་ཆུང་ང་རང་གོ་མེད་ཀྱི་བེམ་རོ་ཞིག་ཏུ་འགྱུར་མི་རུང་བ་ཅི་ལ་མི་ངེས་ཨང་།  ད་དུང་ཁྱེད་ཀྱི་བྱམས་སྐྱོང་དང་ངང་རྒྱུད།  མཛའ་གཅུགས་དང་ཡིད་རྟེན་གྱིས་ང་རང་ལམ་ཐག་རིང་པོར་སྐྱེལ་མ་མཛད་པར་ཡང་བཀའ་དྲིན་ཆེ་ཞུས་པ་ཙམ་གྱིས་ག་ལ་ཆོག

      ད་ལྟ་ལམ་ནི་ངའི་རྐང་འོག་ཏུ་ཡོད་པ་ཡིན་ན་ང་རང་ཇི་ལྟར་བགྲོད་མིན་དེ་ང་ཡི་གདམ་ང་ཅི་ལ་མིན།  དེའི་ཕྱིར་ང་ལ་ཁྱེད་ཀྱིས་བསླབས་ཤིང་རང་ལ་འཛོམས་པའི་ལམ་རྒྱགས་ཁྱེར་ནས་མི་ཚེ་གང་བོར་ཁེར་རྐྱང་དུ་འགྲུལ་བཞུད་བྱ་དགོས་ཀྱང་གནོང་འགྱོད་གཏན་ནས་མི་འདུག

      བྱམས་བརྩེ་བྲལ་བའི་སྤྱི་ཚོགས་ཀྱི་ངོ་གདོང་མཐོང་ན་ཁྱེད་ཉིད་དྲན།  དྲང་བདེན་དབུལ་བའི་ཁྲོམ་གཞུང་གི་སྐད་ཆ་གོ་དུས་ཁྱེད་རང་དྲན།  ཕྱི་ཐག་ཐུང་བའི་ལམ་གྲོགས་ཀྱི་བཅོས་འཛུམ་བལྟས་ན་ཁྱེད་རང་དྲན།

   ཁྲེལ་གཞུང་མེད་པའི་མི་གཤིས་ཀྱི་འཆལ་སྤྱོད་ཚོར་དུས་ཁྱེད་རང་དྲན།  ངོ་མ་དྲན་བྱུང་།  ལྷག་བསམ་དག་པའི་ཨ་མ་ལགས།  ཁྱེད་ཉིད་དྲན་བྱུང་།


  • ལེ་ཚན་སྔོན་མ།:ཁྱེད་དྲན་པའི་ཉིན་མཚན་ཀུན་ཏུ།
  • ལེ་ཚན་རྗེས་མ།:ཤེས་རིག་ནོར་བུ།