ཁྱེད་དྲན་པའི་ཉིན་མཚན་ཀུན་ཏུ།

ལྷ་མོ་སྐྱབས།        2017-12-05

     ཁ་བ་སྲབ་མོ་ཞིག་བབས་རྗེས་སུ་ཉི་མ་ཚ་བོ་ཞིག་ཤར་བ་ཇི་བཞིན་ཁྱོད་དྲན་པའི་ཉིན་མཚན་ཀུན་ཏུ་ང་རང་ཤུལ་མེད་ལྷག་མེད་དུ་གྱུར་གྱིན་ཡོད་ནའང་།  བྱིས་དུས་ཀྱི་ངོ་མཚར་བའི་རྨི་ལམ་དེ་དང་།  རྨི་ལམ་ནང་གི་མཐའ་ཡས་པའི་ཡུལ་ལྗོངས་དེ། ཡུལ་ལྗོངས་དེར་ལྷུན་གྱིས་ཆགས་པའི་གངས་རི་དང་མཚོ་མོ།  གངས་རི་དེའི་མཐོངས་དབྱིངས་ཀྱི་སྤྲིན་དཀར།  མཚོ་མོ་དེའི་དྲོད་ཀྱིས་ཉར་བའི་དུངས་ཞེན།  ཡོད་ཚད་ཀྱི་ཡོད་ཚད་བསམས་ཏེ་ང་དང་གྲོགས་པོ་ཚོ་ཁེར་འགྲོ།  ཁེར་འདུག     ཁེར་བཤད་བཅས་ལ་མི་གོམས་རང་གོམས་སུ་གྱུར་བ་དང་ཆབས་ཅིག   རང་ཉིད་མོས་དང་མི་མོས་པའི་ཁེར་རྐྱང་གི་འགྲུལ་བཞུད་རེ་རེར་ཞུགས་པའི་སྟ་གོན་ཡོངས་སུ་འགྲིག་སོང་།

ཁྱོད་དྲན་པའི་ཉིན་མཚན་ཀུན་ཏུ་ལོ་རྒྱུས་ཀྱི་རྨ་ཁ་དེ་ལས་སམ།  ང་ཡི་སེམས་ཀྱི་གས་ཀ་རེ་རེ་ནས་དམར་པོ་ཁྲག་གི་རོལ་དབྱངས་ཕྱོགས་སོ་སོར་མཆེད་ངེས་པའི་སྐབས་ཤིག་སླེབས་འོང་།

      ཏག་ཏག་ང་རང་ཤོག་ལྷེ་ཞིག་ཡིན་པའི་དབང་དུ་བཏང་ན། ཁྱོད་རང་ཤོག་བུ་ངའི་སྟེང་དུ་ཟགས་ནས་ཡུན་རིང་འགོར་ཟིན་པའི་སྣུམ་ཐིགས་ཤིག་ཏུ་ངེས་ཏེ།  ད་ནི་ང་རང་འདི་ཡིན་ནོ་ཞེས་ཁྱོད་ལས་ལོགས་སུ་བགར་རྒྱུ་ཞིག་རྩ་བ་ནས་རྙེད་ཚོད་རེད་མི་འདུག

      དྲན་གདུང་གི་ཡིག་འབྲུ་ཁ་ཤས་ཟིན་ཐོར་འགོད་པའི་ངང་ཚུལ་བཞིན།  བདག་གི་དྲན་པའི་ལྡེབས་རིས་ངོས་སུ་ཚོར་བ་དང་འདྲེས་པའི་རྨ་ཁ་མང་ཙམ་གྱི་མྱུ་གུ་འབུས་ཡོང་གི་འདུག    མ་གཞིར་རྨ་ཁ་དེ་དག་གི་ས་བོན་སུ་ཞིག་གིས་རྐང་བཙུགས་ཏེ་བཏབ་པ་ཡིན་ནམ།  ཡང་མིན་ན་མནར་གཅོད་དེ་དག་དོན་དུ་སུའི་ཆེད་དུ་ང་ཡིས་མྱངས་དགོས་བྱུང་བ་ཡིན་ནམ།  མགོ་ཐོག་གི་གནམ་སྔོན་པོ……ནམ་ཞིག་ལ་མི་ཡུལ་གྱི་སྐྱོ་གར་དག་བདེ་སྐྱིད་ཀྱི་ངོ་བོར་གྱུར་སྲིད་དམ་ཞེས་ཆིག་ལབ་རེ་རྒྱག་པ་ལས་གཞན་གྱི་སྡུག་བསྔལ་འདོན་ས་ཞིག་ཀྱང་རྙེད་ཀྱིན་མི་འདུག

     མི་ལ་ལས་བྱ་སྐད་དང་བྱིའུ་སྐད་ལ་གླུ་དབྱངས་ཞེས་འབོད་མྱོང་བ་ཇི་བཞིན་བདག་གིས་ཀྱང་སེམས་ཀྱིས་དཀྲོལ་གྱིན་པའི་སྒྲ་དབྱངས་གསར་པ་དེ་ནི་མི་ཡུལ་གྱི་ཆེས་སྙན་པའི་རོལ་དབྱངས་ལ་ངོས་འཛིན་གྱིན་ཡོད།  ཏག་ཏག་གླུ་གཞས་སྙན་ཤོས་དེ་ཉིད་ནི་ངག་ལ་འགུགས་ནུས་པ་ཞིག་མ་ཡིན་པར་ནང་སེམས་ནས་གྱེར་དགོས་པ་ཞིག་ཡིན་ཚོད་འདུག

     བྱེའུ་ཁ་ཤས་སྡོང་མགོར་བབས་རྗེས་སླར་ཡང་རང་རང་གི་གནས་སུ་འཕུར་འགྲོ་བ་ལྟར་དུ་འུ་གཉིས་ཀྱང་ཡུད་ཙམ་ལ་ལྷན་འཛོམས་བྱུང་བ་ནས་ཁ་ཁ་སོ་སོར་ཆགས་སོང་།  ངོ་མ་འཇིག་རྟེན་གྱི་ཆོས་ཉིད་ལ་ལ་ཞིག་ཇི་འདྲའི་མགོ་རྨོངས་སྤྱད་ཅིག་རེད་ཨང་།  ཕར་དགའ་ཚུར་འཐད་ཀྱི་བརྩེ་དུང་ཡིན་ཚད་ཀྱི་ཁ་གཏད་དུ་རྐྱེན་ངན་གྱི་བར་ཆད་རྣམ་པ་སྣ་ཚོགས་ཤིག་འགྲེང་འདུག

     ཁེར་རྐྱང་གི་སྐབས་སུ། ངས་རང་སེམས་ལ་འདང་ཞིབ་མོ་རེ་རྒྱག་ན།  ང་ལའང་མི་ཡུལ་གྱི་བརྩེ་དུང་ཟེར་བའི་ཚོར་བ་ཞིག་སྐྱེས་ཡོང་གི་འདུག

     ཁྱོད་དྲན་པའི་སྐབས་དང་དུས་སུ། ངས་རང་ཉིད་ནི་པོད་ཁུག་བྲིས་ཚར་རྗེས་ཀྱི་མཐེབ་གཞུང་སྟེང་གི་ཡར་སྤྲོད་ཅེས་པའི་ཡིག་འབྲུའི་སྟེང་ནས་མནན་མ་ཐག་ཁྱོད་ལ་འཕྲོད་འགྲོ་རྒྱུ་ཞིག་ཡིན་ན་ཅི་མ་རུང་སྙམ་བྱུང་།

     སེམས་གཏིང་ནས་ཁྱོད་དྲན་པའི་ཉིན་མཚན་ཀུན་ཏུ། གཞི་ནས་ངས་རང་ཉིད་ལ་ཆེས་འཚམ་ཤོས་ཀྱི་ལམ་སྣེ་དེ་ཟིན་སོང་བའི་སྣང་བ་ཞིག་ཀྱང་འགོག་མེད་དུ་སྐྱེས་ཡོང་།


  • ལེ་ཚན་སྔོན་མ།:སྨན་ལྗོངས་བསིལ་མོའི་དགེ་མཚན།
  • ལེ་ཚན་རྗེས་མ།:ཨ་མ་ལགས།