སྨན་ལྗོངས་བསིལ་མོའི་དགེ་མཚན།

ཁྲི་གཡུང་དྲུང་།        2017-12-05

སྨན་ལྗོངས་བསིལ་མོའི་དགེ་མཚན།

སྲིད་གསུམ་མཛེས་རྒུའི་སྙིང་པོ་ཀུན་རྫོགས་བཅུ་དྲུག་གཞོན་ནུའི་ལང་ཚོ་སྨིན། །

རིས་མེད་རྒྱལ་ཀུན་མཁྱེན་བརྩེ་གཅིག་བསྡུས་ཟག་མེད་ཡེ་ཤེས་འོད་དུ་འཚེར། །

ཟབ་དོན་རྒྱུད་མངས་དབྱངས་སུ་དྲངས་པའི་སྙན་འགྱུར་སྟོང་གི་གླུ་དབྱངས་ཅན། །

རྒྱལ་བའི་ཡུམ་ཆེན་ཚངས་སྲས་བུ་མོ་བདག་མགྲིན་པད་མའི་གདན་ལ་བཞུགས། །

སྨྲ་བསམ་བརྗོད་འདས་དགེ་མཚན་སྟོང་གི་ལྷ་ཡི་ཞིང་ལ་ཅོ་འདྲི་ཞིང་། །

འཛམ་གླིང་གོ་ལའི་ཡང་རྩེར་བརྗོད་པས་གྲགས་སྙན་སྲིད་པའི་མཐའ་ལས་འགོངས། །

ས་འཛིན་བུ་མོའི་རྒྱན་དུ་ལྷམ་པའི་གངས་ཀྱི་རི་བོ་ཚར་དུ་དངར། །

དུས་བཞིའི་འགྱུར་བག་ཀུན་ནས་སྙོམས་པའི་སྨན་ལྗོངས་བསིལ་མོ་གངས་རིའི་ཞིང་། །

རྣམ་འདྲེན་ཞབས་ཟུང་པད་མོ་བཀོད་ཅིང་རབ་འབྱམས་བཀའ་ཡི་འཁོར་ལོ་བསྐོར། །

རྐང་གཉིས་མི་རྣམས་སེམས་རྒྱུད་དུལ་ཞིང་རྣམ་དཀར་དགེ་ལ་རྟག་ཏུ་འབུང་། །

འཚེ་མེད་ཞི་བའི་བསྟི་གནས་ཞེས་དང་ཆོས་ལྡན་ལྷ་ཡི་ཞིང་དུ་གྲགས། །

ཉིན་མཚན་མགོན་གྱིས་རེས་མོས་སྐྱོང་བའི་སྨན་ལྗོངས་བསིལ་མོ་གངས་རིའི་ཞིང་། །

རིགས་རྒྱུད་གཙང་མའི་མགོ་ཁུངས་བཙུན་ཞིང་ལོ་རྒྱུས་སྙན་པའི་རྡོ་རིང་བརྗོད། །

གནམ་གྱི་ཁྲི་བདུན་མཁའ་ལས་བབས་ཏེ་མགོ་ནག་མི་ཡི་རྗེ་བོ་མཛད། །

སྲིད་འབྱོར་རིག་གསུམ་དར་པའི་དཔལ་ལ་མི་རིགས་གཞན་གྱི་དོ་ཟླ་མེད། །

སྔ་རབས་བྱུང་བ་དོན་དང་ལྡན་པའི་སྨན་ལྗོངས་བསིལ་མོ་གངས་རིའི་ཞིང་། །

ཁོར་ཡུག་ལྗོན་བཟང་ཚང་ཚིང་འཁྲིགས་ཤིང་ཁ་དབུགས་དྭངས་མོའི་བསིལ་རླུང་ལྡང་། །

ཀོ་ཀི་ལ་ཡི་གྲེ་འགྱུར་དབྱངས་ཀྱིས་བརྩོན་པའི་ལས་ལ་ཅི་ཡང་སྐུལ། །

སྟོང་ལྡན་མེ་ཏོག་དབུ་ལོ་ལྡེམ་ལྡེམ་རྐང་དྲུག་གཞོན་ནུ་གར་ལ་བྲེལ། །

ལྟ་བས་མི་ངོམ་མཛེས་སྡུག་སྟོང་ལྡན་སྨན་ལྗོངས་བསིལ་མོ་གངས་རིའི་ཞིང་། །

མཐོན་པོའི་རི་ཡི་སྨུག་པའི་ཁྲོད་ན་སྣ་ཚོགས་རི་སྐྱེས་བག་ཡངས་རྒྱུ། །

དམའ་མོའི་སྔོ་ལྗང་སྤང་གི་ལྟོ་བར་རྟ་ནོར་ལུག་གིས་བྱུར་བུར་གང་། །

མ་བརྩིགས་རང་བྱོན་བྲག་རིའི་ངོས་སུ་རྦབ་ཆུ་སྔོན་མོའི་ཀླུང་རྒྱུན་འབབ། །

བདེ་ལྡན་ཞིང་བཀོད་ས་ལ་འཕོས་འདྲའི་སྨན་ལྗོངས་བསིལ་མོ་གངས་རིའི་ཞིང་། །

བྱིན་རླབས་གནད་ཀྱི་ཚན་ཁ་འབར་བའི་གངས་དཀར་ཏི་སེ་སྟོད་ན་བརྗིད། །

འཕྲོག་བྱེད་གཞོན་ནུའི་མཆེ་བ་ལྟར་དཀར་རྨ་རྒྱལ་གངས་རི་སྨད་ན་འགྱིང་། །

རབ་དཀར་རྩེ་མོ་དགུང་ལ་སྙེག་པའི་ཧི་མ་ལ་ཡའི་དབུ་འཕང་མཐོ། །

མཐོན་པོའི་རི་རྣམས་བྱེད་པོས་བྱས་བཞིན་སྨན་ལྗོངས་བསིལ་མོ་གངས་རིའི་ཞིང་། །

ཡར་ཀླུང་གཙང་པོའི་དགོད་སྒྲ་སྙན་ཞིང་མ་ཕམ་གཡུ་མཚོ་སྟོད་ན་འཁྱིལ། །

ངང་དཀར་སྟོང་ཚོགས་ཅི་དགར་རོལ་བའི་ཁྲི་ཤོར་རྒྱལ་མོ་སྨད་ན་འཕྱོ། །

ཡན་ལག་བརྒྱད་ལྡན་རྨ་ཀླུང་སྔོན་མོས་བདུད་རྩིའི་རླབས་ཕྲེང་དགུང་དུ་གཏོར། །

དྭངས་ཤིང་གཙང་མའི་ཆུ་རྒྱུན་རང་འབབ་སྨན་ལྗོངས་བསིལ་མོ་གངས་རིའི་ཞིང་། །

མཐོ་གཞོངས་འབྲོག་པའི་ཐང་སྨུག་སྦྲ་ཆུང་ཞོ་མར་ཐུད་ཀྱིས་དྲི་ཞིམ་འཐུལ། །

སྨད་ཕྱོགས་རོང་པའི་རྣང་མ་གྲུ་བཞིར་འབྲུ་རིགས་སྣ་ལྔ་བཅུད་དུ་སྨིན། །

དུས་རབས་གསར་པའི་འགྲོས་དང་བསྟུན་ནས་དཔལ་འབྱོར་རིག་པ་གོང་དུ་འཕེལ། །

རྣམ་སྲས་ཡིན་ཀྱང་ཡིད་སྨོན་འཆོར་བའི་སྨན་ལྗོངས་བསིལ་མོ་གངས་རིའི་ཞིང་། །

སྟོད་ཕྱོགས་ཡར་ཀླུང་ཡུམ་བུའི་སྒང་ན་བཙན་པོའི་ཐོག་མའི་ཕོ་བྲང་བརྗིད། །

སྨད་ཕྱོགས་རྨ་ཀླུང་གཡང་གི་ར་བར་རྣམ་གསུམ་རྟེན་གྱི་བྱིན་རླབས་འབར། །

དབུས་ཀྱི་དམར་པོ་རི་ཡི་སྟེང་ན་པོ་ཏ་ལ་ཡི་གཟི་འོད་འཕྲོ། །

བཟོ་རིག་རྩལ་ལ་རིང་ནས་གོམས་པའི་སྨན་ལྗོངས་བསིལ་མོ་གངས་རིའི་ཞིང་། །

བརྗིད་ཆགས་མཐོན་པོ་རྒྱབ་རིའི་རྩེ་ན་ལྷ་བསང་དུད་སྤྲིན་དགུང་ལ་འཕྱུར། །

རིང་ནས་བསྟེན་པའི་སྐྱེས་ལྷ་གསོལ་ཞིང་ལྷ་རྒྱལ་ཀི་སྒྲ་བྲག་ལས་མཆེད། །

ནས་ཆང་བསིལ་མའི་བདུད་རྩི་མཆོད་བཞིན་རླུང་རྟ་སྡེ་བཞི་གནམ་དུ་གཏོར། །

སྤྲིན་ཕུང་དཀར་པོའི་དགེ་མཚན་འབར་བའི་སྨན་ལྗོངས་བསིལ་མོ་གངས་རིའི་ཞིང་། །

རྫ་མཐའི་ཤྭ་དང་དགོ་བའི་ཚོགས་རྣམས་མཆོང་ལྡིང་གར་གྱིས་རྩལ་ཤུགས་འགྲན། །

རྒྱ་རྫོང་ནགས་ན་བྱ་དང་བྱེའུ་འཕུར་ལྡིང་གར་གྱི་རྩེད་འཇོར་རོལ། །

ཆོན་ཐག་བརྒྱད་བརྒྱངས་སྦྲ་ནག་འདབས་ན་སྨན་ཤར་བུ་མོའི་བཞོ་དབྱངས་སྙན། །

ཅང་ཤེས་སྟེང་ན་སྟག་ཤར་སྐྱིད་པའི་སྨན་ལྗོངས་བསིལ་མོ་གངས་རིའི་ཞིང་། །

ཡངས་ཤིང་སྙོམས་པའི་རྩྭ་ཐང་ཀུན་ཏུ་ནོར་ནག་ཁྱུ་ཡི་ངུར་སྒྲས་ཁེངས། །

བལ་ལྡན་གཡང་དཀར་ལུག་ཁྱུའི་རྗེས་ན་རྫི་གཞས་སྙན་མོ་སིང་སིང་གྲགས། །

ལོ་ཡག་ཞིང་གི་རྣང་མཐའ་དག་ན་གཤིས་འཇམ་བུ་མོའི་འཛུམ་མདངས་མངོན། །

ཉམས་འགྱུར་སྟོང་གི་སྒྱུ་རྩལ་འབུམ་ལྡན་སྨན་ལྗོངས་བསིལ་མོ་གངས་རིའི་ཞིང་། །

རིས་མེད་ཆོས་ཀྱི་དགོན་ཆེན་ཁག་ན་བསོད་ནམས་ཚོགས་ཀྱི་ཞིང་ས་ཡོད། །

རིག་འབྱུང་མ་ཡུམ་སློབ་རའི་ཚལ་ན་ལྔ་རིག་འདབ་བརྒྱ་ལྷག་ལྷག་དགོད། །

དུས་རབས་གསར་པའི་ཚན་རིག་འཕྲུལ་གྱིས་སྔོན་ཐོན་རྒྱལ་ཁབ་རྗེས་སུ་སྙེག །

བཀྲ་ཤིས་རྟགས་མཚན་རྣམ་པར་བཀྲ་བའི་སྨན་ལྗོངས་བསིལ་མོ་གངས་རིའི་ཞིང་། །

ཤ་ཚ་སྙིང་རྗེའི་ཀུན་སློང་བདུད་རྩིས་མི་རྣམས་སེམས་རྒྱུད་རབ་ཏུ་བརླན། །

རྒན་རྣམས་གཞོན་པར་བྱམས་བརྩེ་ཆེ་ཞིང་ལྷག་བསམ་གངས་རིའི་མདངས་ལ་འཁུ། །

གཞོན་རྣམས་རྒན་པར་གུས་བཀུར་ལྡན་ཞིང་གཡོ་ཁྲམ་སྒྱུ་ཡི་རང་བཞིན་བྲལ། །

རྣམ་དཀར་དགེ་བཅུ་ངང་གིས་རྫོགས་པའི་སྨན་ལྗོངས་བསིལ་མོ་གངས་རིའི་ཞིང་། །

ཕ་དང་ཨ་ཁུའི་བརྩེ་སེམས་དྭངས་མས་ཕྱི་ཕན་མཛད་རྗེས་རྡོ་ལ་བརྐོས། །

མ་དང་སྲུ་མོའི་སྤྲོ་བའི་འཛུམ་གྱིས་བྱིས་པ་ཆུང་རྣམས་བྱམས་ཀྱིས་སྐྱོང་། །

སྤུན་དང་ཉེ་ཚན་སྐྱིད་སྡུག་མཉམ་འཛོམས་ཕན་ཚུན་བརྩེ་བའི་དུངས་པ་ཟབ། །

མཐུན་སྒྲིལ་གསེར་གྱི་རྡོག་རྩ་གཅིག་སྒྲིལ་སྨན་ལྗོངས་བསིལ་མོ་གངས་རིའི་ཞིང་། །

དགུན་གསུམ་ཆུ་མོ་གཉིད་དུ་ཡུར་དུས་ཁ་བ་དཀར་པོའི་མེ་ཏོག་འཐོར། །

དབྱར་གསུམ་མེ་ཏོག་སྣ་བརྒྱའི་ཁྲོད་ལ་སྦྲང་ཆར་བསིལ་མས་ལྷ་ཁྲུས་གནང་། །

དཔྱིད་གསུམ་མྱུ་གུ་གསར་དུ་འབུ་དུས་ཁུ་བྱུག་བུ་མོ་མགྲོན་དུ་བསུས། །

སྟོན་གསུམ་འབྲས་བུ་གཡུར་དུ་ཟ་དུས་ཐམས་ཅད་དགའ་སྤྲོའི་ཡོ་ལང་རྒྱས། །

མདོར་ན་སྨན་ལྗོངས་བསིལ་མོའི་དགེ་མཚན་ཚིག་གིས་བརྗོད་ཀྱིས་མི་ལང་མོད། །

ཆ་ཤས་ཙམ་ཞིག་དྲན་འཛིན་ངོས་སུ་གསལ་བར་འཆར་བའི་ཉེར་ལེན་གྱིས། །

ཕ་ཡུལ་ཉིད་ལ་གཅེས་སེམས་ཟབ་པའི་ཁྲི་གཡུང་འཁྱམ་པོའི་ངག་སྒོ་ལས། །

ཡིད་འོང་ཉམས་འགྱུར་ཚིག་གི་སྦྱོར་བས་སྙན་ངག་ཙམ་གྱི་ཕྲེང་འདི་སྤེལ། །

 


  • ལེ་ཚན་སྔོན་མ།:བསྟོད་གླུ།
  • ལེ་ཚན་རྗེས་མ།:ཁྱེད་དྲན་པའི་ཉིན་མཚན་ཀུན་ཏུ།
  • རྩོམ་གསར། 10