དཔེ་ཆ་པོད་གསུམ།

སྨོན་ལམ་བཟང་མོ།        2017-12-01

     དལ་ལ་མྱུར་བའི་མི་ཚེའི་ལམ་བུའི་ཁྲོད་ཡང་སྙིང་གང་ཞིག་གིས་ང་ཚོའི་འཚར་ལོངས་དང་རྒན་འགྱུར།ཐ་ན་མ་འཆི་བའི་བར་དུ་ང་ཚོ་དང་མཉམ་གནས་ཡོད། སྐྱིད་སྡུག་གི་མི་ཚེའི་ཁྲོད་ཡང་སྙིང་གང་ཞིག་གིས་དྲང་བདེན་གྱི་རྒྱ་མ་བཞིན་ང་ཚོའི་སེམས་ཀྱི་ལྷ་འདྲེ་འབྱེད་ཐུབ།ངས་བལྟས་ན་དེ་ནི་དཔེ་ཆ་ཡིན་པར་འདོད།

     དཔེ་ཆ།ཁྱེད་ལ་དུས་བཀག་དང་ཡུལ་བཀག་གི་སྐྱོན་ཆ་མེད་པར་རྒན་དར་གཞོན་གསུམ་གྱི་རུས་རྐང་ན་གནས་ཡོད།

     ང་ཚོར་ཕ་མེས་ཡང་མེས་ཀྱི་ལོ་རྒྱུས་ངོས་ཟིན་དུ་འཇུག་མཁན་ནི་དཔེ་ཆ་ཡིན།དཔེ་ཆ་ཁྱོད་ནི་ཀ་མད་ཀྱིས་གྲུབ་ལ། ངའི་བྱིས་དུས་ཀྱི་གླུ་གཞས།སློབ་ཆུང་སྐབས་ཀྱི་དགོད་སྒྲ སློབ་འབྲིང་སྐབས་ཀྱི་ལང་ཚོ།འབྲིང་གཉེར་ནས་ང་ལོ་རྒྱུས་ཀྱི་བར་འཁྱམས་དང་མཚར་སྡུག་ཁོད་ཡངས་པའི་འཇིག་རྟེན་སྟེང་གི་རིག་གནས་ཇི་སྙེད་ཅིག་ལ་དགའ་བའི་ངང་འཆམ་འཆམ་བྱེད་ཏུ་འཇུག་མཁན་དཔེ་ཆ་ཁོ་ན་ཉིད། ང་ཚོས་རྩིས་དངོས་རྫས་གསུམ་གྱི་དྲི་བར་ཐེངས་ག་ཚོད་མགོ་འཐོམ་ཡང་འཁང་ར་དང་ང་རྒྱལ་མེད་པར་རོགས་རམ་དང་མཛུབ་སྟོན་བྱེད་མཁན་ཡང་དཔེ་ཆ་ཡིན།

     རིང་ལ་ཐུང་བའི་མི་ཚེའི་ཁྲོད་ང་ཚོར་ཤེས་རིག་གི་སྦྲང་རྩི་ཆད་མི་མྱོང་བ་ནི་དཔེ་ཆ་དང་ཁ་མ་བྲལ་བའི་འཇོན་ཐང་ཡིན་པས།དུས་རབས་གང་གི་མི་ཡིན་ཡང་དཔེ་ཆ་ནི་མེད་དུ་མི་རུང་བ་ཞིག་ཡིན།

     དཔེ་ཆ་ལ།གཟུགས་ཡོད་ཀྱི་དཔེ་ཆ་དང་གཟུགས་མེད་ཀྱི་དཔེ་ཆ། སེམས་ཀྱི་དཔེ་ཆ་བཅས་ཡོད།

     གཟུགས་ཡོད་ཀྱི་དཔེ་ཆ་ནི་དུས་རབས་འདིར་ཁྱབ་རྒྱ་ཤིན་ཏུ་ཆེ།མི་རྣམས་ཀྱི་ཤོག་བུ་དང་གློག་རྡུལ་འཕྲུལ་འཁོར་གྱི་ནང་གི་ཡིག་ཆ་ལྟ་ཀློག་བྱེད་པ་བརྒྱུད་རང་ཉིད་ཀྱི་བསམ་བློའི་སྟོབས་ཤུགས་ཇེ་ཆེར་འགྲོ་བཞིན་ཡོད་ལ་དཔེ་ཆ་དེ་རིགས་ཀྱི་ཁྲོད་མི་རྣམས་གྱིས་དེ་སྔོན་མཐོང་ཐོས་མ་མྱོང་བའི་ཅ་ལག་གང་མང་ཞིག་ཉམས་སུ་རོལ་ཐུབ།

     ཡི་གེའི་གཟུགས་ལྡན་གྱི་དཔེ་ཆ་ཕུད་ད་དུང་གཟུགས་མེད་པའི་དཔེ་ཆ་ཞིག་ཡོད།དཔེ་ཆ་དེ་རིགས་ནི་གཅིག་པུ་ལས་གོ་བ་ལོན་དཀའ་བ་དང་ཤོག་དཀར་ཡིག་ནག་བཞིན་ལྷག་བསམ་དྲན་སྐུལ་ཡང་མེད།དེའི་ནང་ངལ་རྩོལ་གྱི་མཛེས་ཉམས་དང་བསམ་སྤྱོད་སྤུས་ལེགས་ཀྱི་སྒེག་ཉམས་ལྡན། གཟུགས་མེད་དཔེ་ཆ་དེ་རྒྱུ་ནོར་བང་མཛོད་ག་ཚོད་ཡོད་ཀྱང་ཉོ་མི་ཐུབ། འོན་ཀྱང་དུས་རྒྱུན་དུ་བསམ་བློ་བཏང་བ་ཆེས་མཇུག་མཐའི་དཔེ་ཆ་དེ་ནི་སྔར་གྱི་དེབ་གཉིས་པོ་ལས་ལྷག་པར་གལ་ཆེ།དེ་ནི་སེམས་བཟང་དང་བློ་གྲོས་ཀྱི་གཡུར་འབྲས་ཡིན། དེ་ནི་བཟང་ངན་འབྱེད་བྱེད་ཀྱི་ལག་ཆ་ཡིན། གལ་ཏེ་སེམས་ཀྱི་དཔེ་ཆ་དེར་སློབ་སྦྱོང་དང་ཁོང་དུ་ཆུད་པ་དང་ལག་ལེན་གཉིས་ཀྱི་ཐབས་བཀོལ་ན་གཟུགས་མེད་དཔེ་ཆ་དེར་གོ་བ་ལོན་ཐུབ་པ་མ་ཟད་འཚོ་བའི་དངོས་ལ་ལག་བསྟར་བྱེད་ན་གང་ཟག་དེ་ཉིད་ནི་སྤྱི་ཚོགས་ཀྱི་རྒྱལ་ཁ་ཅན་ཞིག་ཡིན་ལ་དུས་རབས་གཅིག་གི་མིག་དཔེར་འགྱུར་ཡང་སྲིད།

     གོང་ལ་གླེང་བའི་དཔེ་ཆ་དེ་གསུམ་ནི་ང་ཚོས་གཟའ་འཁོར་གཅིག་གམ་ཡང་ན་ཟླ་བ་གཅིག་ནང་ལྟ་ཐེངས་གཅིག་གཉིས་ཀྱིས་འཚོ་བཅུད་བསྡུ་ལེན་བྱེད་མི་ཐུབ། དེ་ནི་དུས་ཡུན་རིང་པོར་བལྟ་ཀློག་དང་ཐེངས་མང་པོར་མྱོང་རོལ་བྱེད་དགོས།

དཔེ་ཆ་དེ་གསུམ་པོ་ནི་ང་ཚོས་ཤེས་རིག་གི་ལམ་བུར་མདུན་སྐྱོད་བྱེད་དུས་ཀྱི་མཛུབ་སྟོན་མཁན་དང་ལམ་སྒྲོན་ཡིན།།


  • ལེ་ཚན་སྔོན་མ།:རིའི་ཕ་རོལ་ཏུ་ཤོར་པའི་སེམས་པ།
  • ལེ་ཚན་རྗེས་མ།:ནམ་ཡང་གསོན་པའི་རྣམ་ཤེས་ཤིག