བསྟན་པའི་ལས་དབང་།

འཇམ་དབྱངས་སྒྲོལ་མ        2017-12-01

     སྔོན་བསམ་གྲུབ་ཚང་ཟེར་བའི་ཁྱིམ་ཚང་དབུལ་བོ་ཞིག་ཡོད་ལ། ཁྱིམ་ཚང་དེ་ལ་མ་བུ་གསུམ་མ་གཏོགས་མེད། བུ་མོའི་མིང་ལ་ཚེ་སྒྲོན་དང་བུའི་མིང་ལ་བསྟན་པ་ཟེར། བུ་མོ་སློབ་གྲྭར་མངགས་ཤིང་།བུ་ཆུང་གིས་ཞིང་ལས་བྱས་ཏེ། མ་བུ་གསུམ་གྱི་ཁ་གསོ་བྱེད་ཐབས་བྱས། ད་བར་བསྟན་པ་ནི་ལོ་ན་ཉི་ཤུ་ལོན་ཞིང་།གཤིས་འཇམ་དང་ཡ་རབས་ཀྱི་རང་གཤིས་བཟང་པོ་ཞིག་ཀྱང་ཡོད། ཡིན་ནའང་སྡེ་མི་ཚང་མས་ཁོ་ཚང་ལ་དམའ་འབེབས་དང་ཐུབ་ཚོད་བྱེད་པ་རེད། ཁོ་ཚང་ལ་རྟ་ཕོ་སྤུ་མདོག་སྐྱ་ལ་སྨུག་མདངས་ཅན་ཞིག་ཡོད་པ་དེའི་མིང་ལ་ཐོ་རུ་ཞེས་འབོད།དེ་ནི་ཕ་ཡོད་པའི་སྐབས་ལ་སྡེ་བ་ལ་ཁྲལ་འཇལ་བྱེད་དུ་ཉོས་པས། བསྟན་པ་རྟ་དེ་ལ་ཧ་ཅང་དགའ་ལ།གར་སོང་སར་རྟ་དེ་ཁྲིད་ནས་འགྲོ་བའི་གོམས་སྲོལ་ཡོད། ཁོ་ལ་གྲོགས་པོ་དཀོན་པས་ཐོ་རུ་ནི་ཁོའི་ཆེས་བཟང་བའི་གྲོགས་པོ་ལྟ་བུར་གྱུར་ཡོད།ནམ་རྒྱུན་ཐོ་རུ་ལ་སྙིང་སྡུག་ཅེས་འབོད་པ་རེད། ཡིད་ཀྱི་དགའ་སྐྱོ་ཆགས་སྡང་ཚང་མའང་ཐོ་རུ་ལ་གླེང་བ་རེད།རྒྱུན་པར་སློབ་གྲྭ་གྲོལ་ནས་ཡུལ་ལ་ལོག་ཐེངས་རེར་ངས་བསྟན་པས་རྟ་ལ་གཟན་སྦྱིན་པ་དང་ཆུ་བླུད་པ་མཐོང་ཐུབ།ཐོ་རུ་ཡང་བསྟན་པའི་སྐད་ཐོས་པ་ཙམ་གྱིས་ཁོའི་འགྲམ་དུ་ཡོང་ནས་ལུས་ཀྱི་དྲི་མ་བསྣམས་ཤིང་ལག་པ་ལྡག ཨ་མས་བསྟན་པ་ལ་ཁྱོད་ཀྱི་སེམས་ན་ཐོ་རུ་མ་གཏོགས་ཁྱིམ་ཚང་འདི་མེད། གལ་ཏེ་ཁྱོད་ཀྱིས་ལས་ཀ་ལེགས་པར་མ་བསྒྲུབ་ན་རྟ་འདི་བཙོང་རྒྱུ་ཡིན་ཟེར་ཏེ་འཇིགས་སྐུལ་བྱེད་བཞིན་ཡོད།ལོ་ཟླ་ནི་ཆུ་བོ་བཞིན་རྒྱུན་ཆད་མེད་པར་བཞུར་སོང་། བསྟན་པའང་མི་ལོ་སུམ་ཅུ་ལོན་ཟིན། ཉིན་ཞིག་ལ་ཨ་མར་གློ་གཅོང་གི་ནད་ཕོག་སྟེ་ཚེ་ལས་འདས་སོང་།ཨ་མ་འདས་རྗེས་བསྟན་པས་རང་གི་ཆེས་སྙིང་ཉེ་བའི་ཐོ་རུ་ཨ་མའི་རྗེས་སུ་བཞག་ནས་འདས་མཆོད་ཧ་ལས་པ་ཞིག་བསྒྲུབས། སྐབས་དེར་ཁོས་ཐོ་རུ་ལ་ངེད་གཉིས་ཨ་མའི་མདས་མཆོད་ལ་ཆོས་བསྒྲུབ་བྱེད་ཀྱི་དངུལ་མེད་པས།ཁྱོད་འགྲོ་དགོས་བྱུང་། ཡིན་ནའང་ཁྱོད་ཡིད་མ་ཕངས་དང་། མི་འགྱང་བར་ངས་གླ་བཙལ་ཏེ་ཁྱོད་ཕྱིར་ཉོ་ཐག་ཆོད་ཡིན། ཞེས་ཁས་བླངས། འགྲོ་ཁར་ཐོ་རུའི་སྐེ་ལ་འཐམས་ཏེ་འོ་ཡང་ཡང་བྱས།ཕལ་ཆེར་འདི་ནི་ཆེས་མཐའ་མ་ཡིན་པ་འདྲ། དོན་དངོས་བཤད་ན་སྒོར་དེ་འདྲ་འབེལ་པོ་ཞིག་གང་ནས་འཚོལ།དེ་ནས་ཚོང་དཔོན་གྱིས་རྟ་ཁྲིད་དེ་ཐག་རིང་ཞིག་ལ་བུད་སོང་།

     ཨ་མ་དང་ཐོ་རུ་མེད་པའི་ཉིན་དག་ལ་བསྟན་པ་ཡིས་ཉིན་གུང་ཟས་མི་ཟ་བ་དང་དགོང་མོར་གཉིད་ཀྱང་ཁུག་ཀྱིན་མེད།མི་ལོ་སུམ་ཅུ་ཅན་གྱི་ཕོ་སར་དེ་སེམས་སྡུག་གིས་མནར་ཏེ་ཤ་རིད་པར་གྱུར་ཞིང་གདོང་ལ་གཉེར་མས་ཁེངས།རྟའི་འཚེར་སྐད་གོ་ཐེངས་རེར་སྒོ་ཁ་ལ་བུད་ནས་ཕྱོགས་བཞིར་བལྟས་ཙམ་བྱས་ནས་སྔར་བཞིན་ཡིད་ཆད་དེ་ཁྱིམ་ལ་ལོག ཉིན་དེར་གསལ་ལ་མི་གསལ་བའི་ཉི་འོད་ཅིག་འཛིན་མའི་དཀྱིལ་འཁོར་དུ་འཕྲོ་ཞིང་རི་ལུང་སྨུག་པས་ཁེངས་འདུག བསྟན་པའི་ལས་ཀ་ལས་སར་བཤུལ་ཐག་ཏོག་ཙམ་རིང་བས་ཁྱིམ་མཚེས་ཚང་གི་འཕྲུལ་རྟ་ལ་བཞོན་ཏེ་བུད་སོང་།སྟབས་མ་ལེགས་པར་འཕྲུལ་རྟ་གློག་གདུང་ལ་རྒྱབ་ནས་ཚེ་སྲོག་ཤོར། གོ་ཐོས་ལྟར་ན་བསྟན་པའི་ཆེས་མཇུག་མཐའི་སྐད་ཆ་དེའང་ང་ཐོ་རུ་ལ་ཐུག་ན་ཅི་མ་རུང་ཞེས་བཤད། ཞག་གསུམ་གྱི་ཉིན་དེར་གློ་བུར་དུ་སྒོ་ཁ་ནས་རྟའི་འཚེར་སྐད་ཅིག་ཐོས་བྱུང་།སྡེ་མི་ཚང་མ་སྒོ་ཁར་སོང་སྟེ་བལྟས་ཚེ་དེ་ནི་སྤུ་མདོག་སྐྱ་ལ་སྨུག་མདངས་བཀྲ་ཞིང་ལུས་ཡོངས་རྔུལ་ཆུ་འཛག་བཞིན་པའི་ཐོ་རུ་དེ་རེད།རྟའི་གདོང་ལ་བལྟས་ན་ཕལ་ཆེར་ཡོད་ཚད་རྟོགས་ཡོད་པ་འདྲ། དུད་འགྲོས་སྐད་ཆ་སྨྲ་མི་ཤེས་པ་མ་གཏོགས་བརྩེ་བ་དང་སྡུག་བསྔལ་ནི་གདོང་ལ་འཁོར་འདུག ཐོ་རུས་སྐད་གསང་མཐོན་པོས་འཚེར་ཞོར་ཁང་བ་ལ་བསྐོར་ནས་བརྒྱུགས་ཤིང་ཐ་ན་མིག་ལས་མཆི་མའང་འདོན་བཞིན་འདུག སྐབས་དེར། ཡུལ་དེའི་ཕོ་མོ་དབྱེ་བ་མེད་པར་སེམས་འགུལ་ཐེབས་ཏེ་ངུས།སྡེ་དཔོན་གྱིས་ཐོ་རུ་ཕྱིར་ཉོ་བར་ཁས་བླངས་སོ།།

  • ལེ་ཚན་སྔོན་མ།:བློ་བཟང་གི་སང་ཉིན།
  • ལེ་ཚན་རྗེས་མ།:ཟླ་བ་སྒྲོལ་མ་དང་རྐང་འཁོར།