ས་རུབ་ཐེངས་རེར།

ཁྱུང་གཤོག        2017-11-23

ས་རུབ་ཐེངས་རེ་ནི།

ང་ལ་མཚོན་ན་ནང་སེམས་ལ་སྐྱ་རེངས་ཤར་བ་རེད།

དེ་ནི་བྲེལ་ཟིང་གི་གོམ་ཁ་གློད་ནས་ཁྱེད་རང་ལན་གཅིག་དྲན་ཆོག་པས་ཡིན།

དེ་ནི་སེམས་ངལ་མཐའ་དག་རྒྱབ་ཏུ་དོར་ནས་བདེ་སྐྱིད་ཀྱི་ཁྱེད་རང་

ཐེངས་གཅིག་སྒོམ་ཆོག་པས་ཡིན།


ས་རུབ་ཐེངས་རེ་ལ།

མུན་པས་གསང་བ་ཞིག་ཁྱེར་ནས་སླེབས་ཡོང་།

སྤྲིན་པ་དང་རླུང་བུའི་གཉའ་ལམ་བརྒྱུད་ནས།

ཁང་བའི་སྒེའུ་ཁུང་བརྟོལ་ནས་ནང་དུ་ཐོན་ཡོང་།

ངའི་ཁེར་རྐྱང་གི་མཚན་མོ་ལ་ཁ་དོག་བསྒོས་ཡོང་།


ས་རུབ་ཐེངས་རེ་རེར།

ངས་མུན་པ་ཁོ་ན་མེ་ལོང་བྱས་ཏེ།

རང་ཉིད་ཀྱི་ངོ་གདོང་གསལ་གསལ་དུ་བཏོན་ནས།

ཁྱེད་ཀྱི་མིག་མདུན་དུ་འཛུམ་མདངས་ལྷུག་ལྷུག་གེར།

ངས་མུན་པ་ཁོ་ན་ཁྲུས་རྫིང་བྱས་ཏེ།

རང་ཉིད་ཀྱི་ཕྱི་ནང་ཚང་མ་བྱབས་ཁྲུས་གནང་།

རང་ཉིད་ཀྱི་རྣམ་ཤེས་དམར་པོ་དེའང་གཙང་མར་བཀྲུས་རྗེས།

རང་གི་ལག་པས་བཏེགས་ནས་ཁྱེད་ལ་ཕུལ།


དུས་ཚོད་ཀྱི་མདའ་རྩེ་ནས་བཞུར་འོང་པའི་དབྱངས་འགྲོས་སྙན་པའི་མཚན་གཞུང་།

རྒྱུས་ཡོད་ཀྱི་འཇིག་རྟེན་འདིའི་དཀར་ངོགས་སུ།

རྒྱུས་མེད་ཀྱིས་སླེབས་འོང་དུས།

ངས་ཚིག་དང་ཐ་སྙད་ཁ་ཤས་མེ་ལ་བསྒྲོན།

སེམས་རྩ་རུ་འབུས་པའི་ན་ཟུག་གི་སྐད་ཆ་དག

དྲོད་ཀྱིས་ཁེངས་པའི་མུན་པར་བསྲེས།


མུན་པ་སླེབས་རྗེས།

ང་རང་མཐའ་མེད་པའི་ལྷིང་འཇགས་ཀྱི་ཁུགས་སོ་རུ་འགྲེང་ནས།

རྒྱང་རིང་གི་ཁྱེད་རང་གམ་ལ་ཡོད་ཡོད་ཀྱིས་བརྩེ་གཞས་བཏང་།

གྲང་ཤུར་ཤུར་གྱི་དུས་ཚིགས་དག་ཀྱང་དྲོད་ཀྱི་སེམས་ལྗོངས་སུ་རློམ་ནས།

མུན་པ་ཁ་ཤས་བཏུས་ནས་ཁྱེད་ལ་མེ་ཏོག་གི་མགུལ་རྒྱན་བསླེས།


ས་རུབ་ཐེངས་རེ་ལ།

ངས་སེམས་དོན་མཚོན་བྱེད་ལ་སྙན་ངག་གི་རྒུམ་ཆང་བསྙལ།

སྐར་ཚོགས་ཀྱི་མཐའ་ན་གཉོམ་དུང་ངེར་འཚོ་བའི་ཟླ་བར་ཤེལ་ཕོར་བཏེགས།

གངས་རིའི་ཕ་རོལ་གྱི་སྐྱ་རེངས་ལ་ཁམས་འདྲིའི་སེམས་གཞས་གྱེར།


ས་རུབ་རྗེས།

ངས་ཡིད་སེམས་མཚོན་བྱེད་ཀྱི་སྙན་ངག་ཡག་པོ་ཞིག་མི་ཕྲིས་དོན།

ཐ་སྙད་ལ་མུན་པས་རྩི་བྱུགས་པས་ཡིན་ནམ།

ཁྱེད་རང་གི་བརྗོད་བྱ་མུན་པ་བྱས་པས་ཡིན།

ལན་ཆགས་ཡག་པོ་དེས། ངས་མུ་ནས་ས་རུབ་པར་བསྒུགས།


  • ལེ་ཚན་སྔོན་མ།:དུང་ཟླ་ཚེས་པས་སེམས་པ་འཁྲེང་།
  • ལེ་ཚན་རྗེས་མ།:སྟོན་མཇུག་གི་ས་སྲོད།