དུང་ཟླ་ཚེས་པས་སེམས་པ་འཁྲེང་།

བཙན་པོའི་ཕོ་ཉ།        2017-11-23

དུས་ཀྱིས་བསྐུར་བའི་སེམས་འཕྲིན་དེ་ནི་ཁྱེད་ཀྱིས་བཏེགས་ནས་ཁྱེར་ཡོད་དམ། །

ཐང་ལ་ལྷུང་བའི་འོད་ཟེགས་དེ་རྣམས་ཕྱོགས་སུ་སྤུངས་ན་གངས་ལས་མཐོ། །

འདི་ཀོའི་དུས་སུ་སྟོན་རླུང་ལྡང་བས་ཁོ་ར་ཁོར་ཡུག་འདར་ཞིང་གཡོམ། །

ཕོ་བྲང་གན་ན་བཞུགས་པའི་ལྷ་མོ་དོ་ནུབ་ཁེར་རྐྱང་སུ་ལ་སྒུག །


སྟོན་གྱི་བ་མོས་འཇིག་རྟེན་བསྙོགས་སམ་འོད་ཀྱིས་ཐིག་ལེས་ས་གཞི་བརྣོགས། །

དུང་ཟླ་དཀར་མོའི་རྒྱང་བསྐྱོད་ཤུལ་ན་མི་མཇེད་འཇིག་རྟེན་ལྷིང་ཞིང་འཇགས། །

ཟླ་མཆོད་དུས་ཆེན་རོལ་བ་ཀུན་པོས་ཁྱེད་ཀྱི་བཞིན་པ་ཁོ་ན་ལས། །

ཁྱེད་ལ་དོ་བའི་མཁས་དབང་དགེ་ཆོས་མྱ་ངན་རྗེས་དྲན་སུ་ཡིས་འཁྲེང་། །


རི་བོ་གདང་ལའི་གས་སྲུབས་ཁྲོད་དུ་ཁྱེད་ཀྱི་ཟེགས་མ་འཁྱགས་ཀྱིས་བསྡམས། །

གངས་དཀར་ཏི་སེའི་དབུ་འཁྱུད་གན་ན་ཁྱེད་ཀྱི་འོད་མདངས་མོག་ཅིང་འདར། །

མཁའ་ལ་རྒྱུ་བ་ཁྱེད་ཀྱིས་དོ་ནུབ་རེབ་ཀོང་ཡུལ་ལ་ཆིབས་བསྒྱུར་ན། །

མཁས་དབང་ཁོང་གི་མི་ཚེའི་གསང་བ་མ་ལུས་ལྷ་མོར་ཁྱེར་བར་མཛོད། །


  • ལེ་ཚན་སྔོན་མ།:ཕ་ཡུལ་ལ་བསྟོད་པ་གཡུ་སྦྲང་གཞོན་ནུའི་གཤོག་སྒྲ།
  • ལེ་ཚན་རྗེས་མ།:ས་རུབ་ཐེངས་རེར།