ཁུལ་ཡོངས་ཀྱི་གྲོང་ཡུལ་རིམ་སྤོར་འཐབ་ཇུས་སྐུལ་འདེད་གཏོང་བའི་ལས་ཡུལ་དངོས་ཀྱི་ཚོགས་འདུ་ལྕགས་ཟམ་རྫོང་དུ་འཚོགས་པ།

ལྷ་འཛོམས་ཀྱིས་བསྒྱུར།        2017-11-21

      ཟླ་བ11པའི་ཚེས13ཉིན། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་གཏིང་ཟབ་མོས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙིང་དོན་སློབ་སྦྱོང་དང་དྲིལ་བསྒྲགས། ལག་བསྟར་བཅས་བྱས་པའི་འགག་རྩའི་དུས་སུ། ཁུལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་རིམ་སྤོར་འཐབ་ཇུས་ལ་སྐུལ་འདེད་གཏོང་བའི་ཚོགས་འདུ་དེ་ལྕགས་ཟམ་རྫོང་དུ་འཚོགས། དམིགས་ཡུལ་ནི་སྔར་ལྷག་གིས་རང་ཁུལ་གྱི་གྲོང་ཁྱེར་དང་གྲོང་གསེབ་རིམ་སྤོར་གྱི་འཐབ་ཇུས་དང་གྲོང་གསེབ་དར་སྤེལ་གཏོང་བའི་འཐབ་ཇུས་སྲུབས་མེད་འབྲེལ་མཐུད་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་གྲོང་གསེབ་འཆར་འགོད་དང་འཛུགས་སྐྲུན། དོ་དམ་བཅས་ཀྱི་ཆུ་ཚད་མཐོ་འདེགས་ཏན་ཏིག་གཏང་རྒྱུ་དེ་རེད།

      ལས་ཡུལ་དངོས་ཀྱི་ཚོགས་འདུ་འདི་ལས་ཡུལ་དངོས་སུ་ལྟ་སྐོར་དང་ཕྱོགས་བསྡོམས་ཚོགས་འདུ་དང་ཟུང་འབྲེལ་བྱས་པའི་བྱེད་སྟངས་བརྒྱུད་ནས་འཚོགས་པ་རེད། ཚོགས་ཞུགས་མི་སྣས་སྔོན་རྗེས་སུ་ལྕགས་ཟམ་རྫོང་གི་འཆར་འགོད་དང་འཛུགས་སྐྲུན། དོ་དམ་སོགས་ཀྱི་ཐད་ལ་གནས་པའི་དཔེ་མཚོན་གྱི་གནད་དོན་ལ་ལས་ཡུལ་དངོས་སུ་ལྟ་ཞིབ་བྱས་པར་མ་ཟད། ཆེད་དོན་གྲོས་ཚོགས་འཚོགས་ཏེ་གནད་དོན་ལ་དབྱེ་ཞིབ་གཏིང་ཟབ་བྱས་པ་དང་། གྲོང་གསེབ་རིམ་སྤོར་གྱི་འཐབ་ཇུས་ལ་སྐུལ་འདེད་གཏིང་ཟབ་གཏང་རྒྱུའི་ཐད་ཡང་དུ་བཀོད་སྒྲིག་དང་བསྐྱར་དུ་སྐུལ་འདེད་བཏང་བ་རེད།

      ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་གྲོས་ཚོགས་ནང་ཕེབས་ནས་གསུང་བཤད་གལ་ཆེན་གནང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཞའོ་ཡིའུ་ཚའེ་ཡིས་གྲོས་ཚོགས་ཀྱི་གཙོ་འགན་བཞེས། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ལི་ཁང་གིས་གྲོང་གསེབ་རིམ་སྤོར་འཐབ་ཇུས་ཐད་ལ་བཀོད་སྒྲིག་བྱས། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་བྱང་ཆུབ་གྲོས་ཚོགས་ནང་ཞུགས་ཡོད།

      ཚོགས་ཞུགས་མི་སྣ་ཚོས་སྔོན་རྗེས་སུ་ལྕགས་ཟམ་བདེ་སྤྲོ་ཐང་དུ་བཟོ་སྐྲུན་གང་མོས་བྱས་པའི་གནས་ཚུལ་དང་ལྕགས་ཟམ་རྫོང་གི་གྲོང་ཁུལ་སྤྱིའི་ཇུས་འགོད་བྱས་ཚུལ། ལྕགས་ཟམ་ཁ་གྲོང་རྡལ་རྫ་གླིང་གྲོང་སྡེས་ཆོག་མཆན་མེད་པར་སྔོན་ལ་བསྐྲུན་པའི་གནས་ཚུལ། ལྕགས་ཟམ་ཁ་མཛེས་ལྗོངས་མཐའ་སྐོར་དུ་སྒྲིག་སྲོལ་དང་འགལ་ནས་འཛུགས་སྐྲུན་གནས་ཚུལ། ལྕགས་ཟམ་རྫོང་གྲོང་ཁུལ་གྱི་གྲོང་ཁུལ་དོ་དམ་གནས་ཚུལ་བཅས་ལ་ཡུལ་དངོས་སུ་ལྟ་ཞིབ་བྱས་པ་རེད།

ཕྱོགས་བསྡོམས་ཚོགས་འདུའི་ཐོག་ལྕགས་ཟམ་རྫོང་གིས་འཁྲུལ་པ་རྗེས་དྲན་དང་ཁྲེལ་ཤེས་རྗེས་བརྩོན། བསམ་ཞིབ་གཏིང་ཟབ་གཏོང་བ་བཅས་བྱས་ནས་ཐེངས་འདིའི་སྐུལ་འདེད་ཚོགས་འདུ་དེ་འགོ་འཛུགས་ས་གསར་པ་བྱས་ནས་དཔའ་ངར་ཆེར་སྐྱེད་ཀྱིས་སྔོན་ཐོན་ལ་བརྩོན་ལེན་བྱས་ཏེ་ལྕགས་ཟམ་རྫོང་གི་རྣམ་པ་གསར་པ་བསྐྱར་འཛུགས་བྱ་རྒྱུ་ཡིན་ཞེས་ཆོད་གཏམ་བཞག་པ་རེད། ཁུལ་སྡོད་ཁང་འཛུགས་སྐྲུན་འཆར་འགོད་ཅུས་དང་ཁུལ་རྒྱལ་སའི་ཐོན་ཁུངས་ཅུས། ཁུལ་རིག་གནས་ལུས་རྩལ་རྒྱང་བསྒྲགས་གསར་འགྱུར་དཔེ་སྐྲུན་ཅུས་བཅས་ཀྱིས་ཁག་དབྱེ་ནས་ལས་སྒྲུབ་ཁྲོད་དུ་ད་དུང་ཡོད་པའི་གནད་དོན་ལ་དབྱེ་ཞིབ་བྱས་པས་མ་ཚད། སླད་ཕྱིན་གྱི་ལས་ཀའི་འཆར་གཞི་བཏོན་པ་རེད།

      ལིའུ་ཁྲེང་མིང་གིས་ནན་གསུང་གནང་དོན། བསླབ་བྱ་དང་ལེན་བྱེད་པ་དང་གཅིག་ཤེས་ཀུན་གྲོལ་བྱས་ནས་ཏན་ཏིག་གིས་དམིགས་སུ་ཐོན་པའི་གནད་དོན་འཕྱུགས་མེད་བཙལ་དགོས། ཁ་བཤད་ལག་བསྟར་དང་འཕྲལ་སྒྲུབ་འཕྲལ་བཅོས་བྱས་ནས་མཐའ་གཅིག་ཏུ་དམིགས་སུ་ཐོན་པའི་གནད་དོན་དག་བཅོས་བྱ་དགོས། གནད་ཆེ་གཙོར་བཟུང་དང་དངོས་འཛིན་དངོས་གཉེར་བྱས་ནས་གྲོང་གསེབ་རིམ་སྤོར་འཐབ་ཇུས་ལ་སྐུལ་འདེད་གཏིང་ཟབ་གཏང་དགོས། འགན་འཁྲི་ཁུར་སེམས་ཇེ་དྲག་ཏུ་བཏང་ནས་བྱེད་ཐབས་འཐུས་སྒོ་ཚང་དུ་བཏང་སྟེ་གྲོང་གསེབ་རིམ་སྤོར་གྱི་འཐབ་ཇུས་དོན་ཐོག་འཁྱོལ་བར་སྐུལ་འདེད་གཏང་དགོས།།


  • ལེ་ཚན་སྔོན་མ།:དུས་རབས་གསར་པར་བསུ་མ་དང་རྣམ་པ་གསར་པ་མངོན་འགྱུར་བྱུང་།
  • ལེ་ཚན་རྗེས་མ།:འདས་པའི་ཟླ་བ10ནང་ཁུལ་ཡོངས་ཀྱི་གཙོ་གནད་ལས་གཞི་ཐད་མ་དངུལ་འཇོག་རྒྱུ་སྒོར་དུང་ཕྱུར262.67གྲུབ་པ།
  • དོ་སྣང་ཆེ་བའི་རྩོམ།