བརྩི་འཇོག བརྩི་འཇོག

སྟག་རིག་འབྲུག་ཐར།        2017-11-21

     བརྩི་འཇོག་ནི་ལྷད་མ་གོས་པའི་གདོང་གི་འཛུམ་པ་དེ་ཡིན། བརྩི་འཇོག་ནི་དགོངས་འཆར་ལྷུག་སྩོལ་གནང་དུས་སེམས་ཞིབ་མོས་གསན་མཁན་དེ་ཡིན། བརྩི་འཇོག་ནི་གལ་ལ་ཐུག་དུས་བཟོད་སྒོམ་བྱེད་ཕོད་པའི་དཀྱེལ་ཡངས་དེ་ཡིན། བརྩི་འཇོག་ནི་གཞན་གྱི་འབད་བརྟུན་ལས་ཐོབ་པའི་རྩོལ་བ་ལ་བསྟོད་ར་བྱེད་མཁན་དེ་ཡིན།

     ད་ཆའི་སྤྱི་ཚོགས་འཕེལ་འགྲོས་ཀྱི་བརྡབ་གསིག་གི་དབང་གིས་ང་ཚོའི་འགྲོ་འདུག་སྤྱོད་གསུམ་གྱིས་བསླངས་པའི་ཚུལ་མིན་ལུགས་མིན་གྱི་སྦྱོར་བ་ཡ་ང་ཞིང་སྐྱི་གཡའ་བའི་ཁོར་ཡུག་འདི་རུ། བརྩི་འཇོག་ཅེས་པའི་ཐ་སྙད་འདི་ནི་ཤིན་ཏུ་མཁོ་བས། དུས་རྒྱུན་འཚོ་བའི་ཁྲོད་དུ་བརྩི་འཇོག་ཅེས་པ་ནི་འབྲེལ་ཞིང་འདྲིས་པའི་ཐ་སྙད་སྙིང་དུ་སྡུག་པ་ཞིག་ཡིན་ལ། བརྩི་འཇོག་ཅེས་པའི་སྤྱོད་སྟངས་འདིའང་དཔལ་ཡོན་གྲོང་ཁྱེར་དང་རྣམ་པ་གསར་བའི་བདེ་སྐྱིད་ཀྱི་འཚོ་བ་འཛུགས་སྐྲུན་ཁྲོད་མེད་དུ་མི་རུང་བའི་དགེ་མཚན་ཅན་གྱི་ཐ་སྙད་ཡི་གར་འོང་བ་ཞིག་རེད་ཨང་།

     བརྩི་འཇོག་ནི་མི་དང་མིའི་བར་གྱི་བྱ་ལས་དོན་སྨིན་ཡོང་བའི་རྒྱུ་གལ་ཆེན་ཞིག་ཡིན་ལ། ཕན་ཚུན་བརྩི་འཇོག་བྱེད་ཤེས་ཚེ་དོན་དག་ཆེ་འབྲིང་ཆུང་གསུམ་གང་བསྒྲུབས་ཀྱང་བཀྲ་ཤིས་ཤིང་བདེ་ལེགས་པའི་སྒོ་ནས་འགྲུབ་ཐུབ། མི་ཚེའི་བཞུད་ལམ་རིང་མོའི་ཁྲོད་དུ་ང་ཚོ་གནས་ག་གེ་མོ་ཞིག་ནས་མི་ཆེ་གེ་མོ་ཞིག་ལ་ཅིས་ཀྱང་འཕྲད་སྲིད་ཅིང་། ཕན་ཚུན་འབྲེལ་ཞིང་འདྲིས་པའི་བརྒྱུད་རིམ་ལས་བརྩི་འཇོག་ལེགས་པོ་བྱས་ན། དེ་ནི་མཉམ་འབྲེལ་ལེགས་ཤིང་ཕན་ཚུན་གྱི་དམིགས་འབེན་འགྲུབ་པའི་སྔོན་འགྲོའི་ཆ་རྐྱེན་དུ་འགྲུབ་ངེས་ལ། བྱ་གཞག་ཡིད་བཞིན་དུ་འགྲུབ་པའི་རྩ་བའི་རྨང་རྡོ་ལྟ་བུ་ཡང་འགྱུར་ངེས་པས།གཞན་ལ་བརྩི་འཇོག་བྱེད་པ་ནི་དོན་དུ་རང་ཉིད་ལ་བརྩི་འཇོག་བྱེད་པ་དང་ཀུན་ནས་མཚུངས།

     བརྩི་འཇོག་ནི་གུ་ཡངས་ཀྱི་དགོངས་གཞི་ཡིན་ལ། བརྩི་འཇོག་ནི་གཞན་ལ་བྱམས་པའི་སྣང་ཚུལ་དང་རང་ཉིད་བློ་སྦྱོང་བྱེད་པའི་མངོན་ཚུལ་ཞིག་ཡིན་རྐྱེན། གཞན་ལ་རོགས་རམ་བྱེད་པ་ནི་གཞན་ལ་བརྩི་འཇོག་བྱེད་སྟངས་ཆེས་མཐོ་ཤོས་དེ་ཡིན། དཔེར་ན། གྲོག་ཚང་བརྡོལ་འདྲའི་མི་ཚོགས་ཇི་སྙེད་ཅིག་ཚོགས་ར་གཅིག་ཏུ་གདན་འཛོམས་བྱུང་སྟེ་སྐྱེས་བུ་གཏམ་བཤད་མཁན་གཅིག་གིས་གོང་ཁྲིད་སྟེགས་སུ་འཆད་ཁྲིད་གནང་བའི་སྐབས་སུ་འགབ་ཀྱི་ཉན་པ་པོ་ལ་ཤས་ཀྱིས་ཁྲིད་སྟེགས་མན་ཆད་དུ་ཤབ་ཤུབ་ཀྱི་སྐད་ཆ་བཤད་པའམ་འ་འུར་ཟང་ཟིང་སྒྲོག་སྟེ་ཚོགས་རའི་སྒྲིག་ལམ་ལ་གཏོར་བརླག་བགྱིས་ན་དེ་ནི་ཕན་ཚུན་བརྩི་འཇོག་མ་བྱས་པའི་འབྲས་རྟགས་ཤིག་ཡིན་ལ། དེ་ལྟར་གོ་མེད་ཚོར་མེད་དུ་འུར་བརྒྱབ་སྟེ་ཟིང་ཆ་བཟོས་ན་ཕ་རོལ་འཆད་པ་པོའི་རིག་ལམ་གཅོལ་བའམ་ཉན་མཁན་རྣམ་པ་ཚོས་རྩེ་གཅིག་གཟབ་ནན་གྱིས་འཆད་ཁྲིད་ལ་ཉན་པར་བར་ཆད་བཟོས་པ་ཤ་སྟག་ཡིན་སྟབས། བསམ་བློའི་སྤུས་མ་དག་པའི་མངོན་ཚུལ་སྡུག་པོ་དེ་ཐད་ཀར་བརྩི་འཇོག་བྱེད་མིན་ལ་འབྲེལ་བ་ཡོད། གལ་ཏེ་སྤྱོད་བཟང་ཚུལ་ལྡན་གྱི་མི་བུ་ཞིག་ཡིན་ཚེ། ཅིས་ཀྱང་ལྷིང་འཇགས་ཀྱི་ཁོར་ཡུག་ཅིག་བསྐྲུན་ཏེ་སྒྲ་མེད་འུར་མེད་དང་འཆལ་འཆོལ་བབ་ཅོལ་གྱི་གཏམ་ཡན་སྤངས་ནས་ཁ་རོག་གེར་དལ་ཅག་གེར་རྒན་གྱི་གསུངས་ལ་རིག་པ་བསྒྲིམས་ཏེ་ཉན་པ་ནི་ཕན་ཚུན་བརྩི་འཇོག་བྱས་པའི་ཁྱད་ཆོས་རྨད་དུ་བྱུང་བ་ཞིག་ཡིན། དེ་ནི་ཏག་ཏག་སྐྱེད་མོས་ཚལ་གཅིག་ལ་འདུས་པའི་སྣ་ཚོགས་མེ་ཏོག་གི་ཁྲོད་དུ་ཡར་སྐྱོད་མར་འཕུར་གྱི་རྒྱུ་སྟངས་ཡག་པོའི་སྔ་ཕྱིའི་རིམ་པའི་ཁྲོད་སྦྲང་མ་ཐ་དད་པས་ལས་ལ་བརྩོན་བཞིན་འཆམ་མཐུན་བརྩེ་བ་ལྡན་པའི་ངང་ཟེའུ་འབྲུ་སྦྱོར་སྡེབ་བྱེད་པ་དང་ཁྱོན་ནས་མཚུངས་པས། ཕན་ཚུན་ལ་བརྩི་བཀུར་དང་བརྩི་འཇོག་བྱས་པའི་བཟོ་བསྟན་པ་མ་ཡིན་ནམ།

     སྲིད་པ་རྒན་པོའི་གཏམ་དཔེ་ལ་ཡང་མིས་མི་བཀུར་ན་བླ་མ་དང་དཔོན་པོ།། ཤིང་གིས་ཤིང་བཀུར་ན་གསེར་ཁང་དང་ལྷ་ཁང་ཟེར་བ་ཅི་མི་བདེན། ས་སྲོད་ཀྱི་གྱེས་ཕྱག་ཕུལ་རྗེས། མུན་ནག་གི་རྔམ་ཁ་མཐུག་པོའི་མཚན་མོ་སླེབས་ཐེངས་རེར། ཁོད་ཡངས་པ་ཏྲའི་རི་མོ་བསྣོལ་འདྲའི་གཞུང་ལམ་ཆེན་མོའི་སྟེང་དུ། ཕར་རྒྱུག་ཚུར་རྒྱུག་དང་ཡར་བགྲོད་མར་བགྲོད། སྟོད་འདུར་སྨད་འདུར་གྱི་རླངས་འཁོར་ཆེ་འབྲིང་ཆུང་གསུམ་ནི་གང་ཞིག་གི་རྗེས་མ་ཆོད་པའམ་ཅི་ཞིག་གིས་བདའ་འདེད་བྱས་པ་ལྟར་སྐྱེན་འགྱུར་མྱུར་བ་མདའ་མོའི་ཤུགས་དང་མཚུངས་པར་རྣར་གཟན་པའི་བང་སྒྲ་དེ་ནམ་ཡང་རྒྱུན་མི་ཆད། གལ་ཏེ་རླངས་འཁོར་ཞིག་གཞུང་ལམ་བརྒྱུད་དེ་མདུན་ཕྱོགས་སུ་སྐྱོད་པའི་སྐབས་སུ། གློ་བུར་དུ་ཕ་རོལ་ནས་ཚུ་རོལ་ལ་སླེབས་བཞིན་པའི་རླངས་འཁོར་ཞིག་ལ་འཕྲད་མ་ཐག སྐད་ཅིག་ཉིད་དུ་ཉེ་མཐོང་གློག་བཀར་ཏེ་རྒྱུ་དགོས་པ་ཅིས་ཀྱང་རྟོགས་དགོས་པའི་འགྲིམ་འགྲུལ་ཤེས་བྱ་ཞིག་ཡིན། དེ་ནི་མཐར་གཏུགས་ན་ཁ་ལོ་བས་ཕ་རོལ་རླངས་འཁོར་ཁ་ལོ་བར་བརྩི་འཇོག་བྱེད་སྟངས་ལེགས་ཤོས་ཤིག་ཡིན། འོན་ཀྱང་མཚན་མོར་རྒྱང་དུ་སྲིང་བའི་རྒྱ་ཆེའི་གཞུང་ལམ་སྟེང་དུ་རླངས་འཁོར་ཡར་མར་རྒྱུ་དུས། བསམ་བློའི་སྤུས་ཚད་དམུ་རྒོད་ལས་ཞན་ཞིང་། སྤྱོད་པའི་ཚད་གཞི་དུད་འགྲོ་ལས་ཐུ་བའི་ཁ་ལོ་བ་རེ་འགས་ཁ་གཏད་མིག་མདུན་དུ་རླངས་འཁོར་ཁྱེད་ཕྱོགས་སུ་སླེབས་གིན་ཡོད་ན་ཡང་། མྱུར་མོར་ཉེ་མཐོང་གློག་མི་བཀར་བར་མིག་ལ་གཙེ་ཞིང་མཐོང་ལམ་བསྒྲིབས་པའི་རྒྱང་མཐོང་གློག་བཀར་ཏེ། ཅི་མི་སྙམ་པར་ངའོ་སྙམ་པའི་ཁེངས་དྲེགས་ཀྱིས་གཟིར་ནས་གཞུང་ལམ་གྱི་དཀྱིལ་བཤགས་ཏེ་འགྲོ་བ་རེད། ཁ་ལོ་བས་ཡིད་འཇོག་ནན་མོ་མ་བྱས་ཚེ་གློ་བུར་བའི་འགྲིམ་འགྲུལ་ཆག་སྒོ་འབྱུང་བ་ཡུན་ཐུང་སྐད་ཅིག་ཙམ་གྱི་རིང་ཡིན་པས་ན། དེ་ནི་ཚུར་རོལ་རླངས་འཁོར་ཁ་ལོ་བར་བརྩི་འཇོག་མ་བྱས་པའི་མངོན་རྟགས་ཤིག་རེད། རྒྱུ་སྟངས་དེ་དག་ནི་དོན་དངོས་སུ་ཁ་ལོ་བ་ཞིག་གིས་ཅིས་ཀྱང་རྟོགས་དགོས་པའི་རྒྱུན་ཤེས་གལ་ཆེན་ཞིག་ཡིན་སྟབས། གལ་སྲིད་མཚན་མོར་ཕ་རོལ་ཚུར་རོལ་དུ་རྒྱུ་བའི་རླངས་འཁོར་ཁ་ལོ་བ་ཡོད་དོ་ཅོག་གིས་འགྲིམ་འགྲུལ་ཤེས་བྱ་དེ་དག་ལ་དོ་སྣང་མ་བགྱིས་ཚེ་བློ་ཡུལ་འདས་པའི་ཆག་སྒོ་འབྱུང་བ་གདོན་མི་ཟ། ཡིད་སྐྱོ་བ་ཞིག་ལ་ཉེ་བའི་ལོ་འགའི་རིང་ལ་རང་རེའི་རྒྱལ་ཁབ་མངའ་ཁོངས་ཀྱི་འགྲིམ་འགྲུལ་དོ་དམ་ཅུས་ཀྱིས་སྡོམ་རྩིས་བྱས་པ་ལྟར་ན། ད་ལོར་གཅིག་པུར་མཚན་མོར་གཞུང་ལམ་དུ་རླངས་འཁོར་བསྐྱོད་སྐབས་རླངས་འཁོར་གྱི་གློག་བཀར་སྟངས་མ་འགྲིག་པའི་རྐྱེན་གྱིས་བཟོས་པའི་འགྲིམ་འགྲུལ་ཆག་སྒོའིམ་གྱོད་དོན་ཉིས་བརྒྱ་ལྷག་བྱུང་བ་བཀོད་འདུག དེའི་སྟབས་ཀྱིས་མཚམས་མེད་བསྐྱོད་པའི་དུས་ཚོད་ཀྱི་ཐག་སྒྲའི་བར་དུ་བསམ་བློའི་རྨང་ནས་འབུས་པའི་བརྩི་འཇོག་གི་སྤྱོད་ལམ་བཟང་པོ་མ་ལྡན་ཚེ། ང་ཚོའི་འཚོ་བའི་འཁོར་སྐྱོད་ཀློང་དུ་ཆག་ཆེ་ཉམ་ང་སྐྱི་གཡའ་བ་འབྱུང་སྲིད་པ་ཅིས་ཀྱང་རྟོགས་དགོས།

ལྷག་པར་ད་ལྟའི་ཐུན་མོང་སྡེ་ཁག་གི་རྩ་འཛུགས་འོག་རིག་རྩལ་དང་ལུས་རྩལ། ཚོང་ཟོག་བརྗེ་རེས་སོགས་མཉམ་འདུའི་ཚོགས་རའི་ཁྲོད་བྱ་འགུལ་སྣ་ཚོགས་ཤིག་སྤེལ་བའི་སྐབས་སུ། ང་ཚོས་མངོན་གསལ་དོད་པོས་ཕན་ཚུན་བརྩི་འཇོག་བྱས་མ་བྱས་ཀྱི་དབྱེ་ཁྱད་ཆུ་འཇགས་རྡོ་གསལ་བཞིན་ལྷང་ངེར་མཐོང་ཐུབ་སྟེ། མི་ཚོགས་གྲོག་ཚང་བརྡོལ་སའི་བར་གསེང་དུ་ཆེད་དམིགས་སྙིགས་སྒམ་དང་ཟས་ཤུན་དོར་སའི་སྙིགས་གཞོང་བཀོད་སྒྲིག་བརྒྱབ་ཡོད་ན་ཡང་། མིའི་འབྱུང་སྤུས་ཞན་པའམ་རང་རྟོགས་མེད་པའི་ཁྲེལ་མེད་ཁ་ཤས་ཀྱིས་གང་འདོད་དུ་གད་སྙིགས་འདོར་བ་དང་། གད་འདོད་དུ་ཤུན་ལྐོགས་ཅལ་སེར་སར་གཡུགས་པར་སྣང་དོགས་སྤུ་ཙམ་ཡང་མེད། གཅིག་ཏུ་ན་ཚོགས་རར་ཆེད་བསྐོས་ཁོར་སྲུང་བ་དང་བདག་དམ་པའི་ལས་ཆོད་ལ་བར་ཆད་བཟོས་པ་རང་ཡིན་ལ། གཉིས་སུ་ན་ཁོ་ཚོས་གད་སྙིགས་གཅིག་ཡར་ལ་བསྒྲུགས་ཚར་མ་ཐག གནས་ཅིག་ཤོས་ནས་ཡང་བསྐྱར་གད་སྙིགས་ཤིག་དོར་སྲིད་ཅིང་།གད་སྙིགས་དེ་གཙང་མར་འཐུས་རྗེས། སླར་ཡང་སེམས་མེད་གོ་མེད་ཀྱི་སྤྱོད་ངན་འཆིང་བའི་ཐ་ཤལ་མི་བུ་ཞིག་གིས་གནས་གཞན་ཞིག་ཏུ་ཐང་ལ་གད་སྙིགས་ལྟིག་སེར་འཕངས་འགྲོ་བ་རེད། སྐྱུག་བྲོ་བའི་བྱ་སྤྱོད་དེ་དག་ནི་ཁོར་སྲུང་བ་ཚོའི་ལས་ཀ་ལ་ཐད་ཀར་དུ་སྣང་མེད་དང་བརྙས་བཅོས་ཀྱི་སྦྱོར་བ་སྤེལ་བའི་སྤྱོད་ངན་འབའ་ཞིག་ཉིད། དེ་ཡང་མཐར་གཏུགས་ན་ཕ་རོལ་གཙང་སྦྲ་བྱེད་མཁན་དག་ལ་བརྩི་འཇོག་མ་བྱས་པའི་མཚོན་བྱེད་ཅིག་ཅིས་མ་ཡིན། དེ་བས་སྔོན་བྱོན་མཁས་པས་འདི་འདྲ་གསུང་ཡོད་དེ་རང་ཉིད་ཀྱིས་མི་གཞན་ལ་བརྩི་འཇོག་མ་བྱས་ན། ཕ་རོལ་བས་ཀྱང་ཁྱོད་ལ་བརྩི་འཇོག་བྱེད་དཀའ་ཞེས་པ་དང་། རང་ཉིད་ལ་བརྩི་འཇོག་བྱ་དགོས་ན། ཐོག་མར་མི་གཞན་ལ་བརྩི་འཇོག་བྱ་དགོས་ཞེས་པ་ཇི་འདྲའི་ཞལ་གསུངས་དྲི་མ་མེད་པ་ཞིག་རེད་ཨང་།

     ད་ལྟའི་སྤྱི་ཚོགས་ཐོག་གི་གྲུ་ཟུར་གང་རུང་དུ་འདི་འདྲའི་དཔེ་མཚོན་མང་པོ་ཡོད་དེ། ང་ཚོ་དུས་རྒྱུན་གྲོང་ཁྱེར་གྱི་འཚོ་བར་གོམས་ལོབས་སུ་གྱུར་ནས་ཉིན་གཅིག་གི་སྔ་དྲོ་དང་ཕྱི་དྲོའི་ལས་ཚོགས་གྲོལ་ཚོགས་སྐབས་ཡར་མར་འགྲོ་དུས་སྤྱི་སྤྱོད་རླངས་འཁོར་བསྡད་དེ་སྐྱོད་བཞིན་ཡོད་ཅིང་། དགུང་ལོ་དྲུག་ཅུས་གཉའ་ནས་མནན་ཅིང་བདུན་ཅུར་རྐང་བ་འཇོག་པའི་དབུ་སྐྲ་དཀར་པོའི་རྒན་རྒོན་དག་དང་ཡར་འགོ་མར་སྒུར་ལ་སྟབས་བདེ་མིན་པའི་སྦྲུམ་མ་ཚོ་སྤྱི་སྤྱོད་རླངས་འཁོར་དུ་སྡོད་པའི་སྐབས་སུ་འགྲུལ་བ་ལ་ཤས་ཀྱིས་ཅི་མི་སྙམ་པར་འདུག་གནས་མི་གཡོར་བའི་སེམས་ངན་རྩིང་སྤྱོད་ཅན་ལྷང་ལ་མངོན་ཡོང་ཞིང་། ད་དུང་འགྲོ་འདུག་ལ་དཀའ་ཁག་འཕྲད་པའི་དབང་བོ་སྐྱོན་ཅན་ལ་ཚིག་མཚོན་གྱི་དམའ་འབེབས་དང་ག་ཞའི་འཕྱ་དགོད་བྱེད་མཁན་ཡང་མཆིས་པས། དེ་དག་ནི་བརྩི་འཇོག་མ་བྱས་པའི་མངོན་ཚུལ་ཞིག་ཅི་ལ་མིན། དེའི་རྒྱུ་མཚན་གྱིས་འཇིག་རྟེན་སྟེང་ཆེས་མཛེས་པའི་སྐད་ཆ་ནི་བསྟོད་བསྔགས་ཡིན་ལ། འཇིག་རྟེན་སྟེང་ཆེས་མཛེས་པའི་སྤྱོད་བཟང་ནི་བརྩི་འཇོག་ཡིན་ཞེས་པར་རྫུན་ཏིལ་འབྲུ་ཙམ་ཡང་འདྲེས་མི་འདུག་སྙམ།

     མདོར་ན། ཚན་རིག་དང་དཔལ་འབྱོར། ཆ་འཕྲིན་སོགས་ཀྱི་འཁོར་འགྲོས་སྐྱེན་ཞིང་མྱུར་བའི་དུས་སྐབས་འདིར། ད་ལྟའི་མི་ཕལ་མོ་ཆེའི་ར་རིའི་དྲི་མ་མོད་པའི་བསམ་བློར་བྱི་དོར་བྱེད་རན་ཏེ། ང་ཚོས་གཞན་དཔེ་རང་སྟོན་དུ་ལུས་ངག་ཡིད་གསུམ་གྱི་སྤྱོད་པ་ལས་སུ་རུང་བར་འབད་ནས་གཞན་གྱི་བསམ་ཚུལ་དང་ལྟ་ཚུལ་ལ་སེམས་ཀྱིས་ཉན་པ་དང་གཞན་གྱི་བྱས་འབྲས་དང་ཐོབ་ཐང་། རྩིས་ཐང་ལ་བརྩི་འཇོག་སྒོས་མཐུན་སྒྲིལ་གྱི་ཨ་ལོང་སྦྲེལ་བ་དང་། མཛའ་བརྩེའི་འོ་ཆུ་འདྲེས་པ། བྱམས་སེམས་ཀྱི་འོད་ཟེར་འགྱེད་པ། རོགས་རེས་ཀྱི་ཕྱག་ཟུང་བརྐྱངས་ཏེ་ཚུལ་ལྡན་དང་གཞུང་དྲང་། ཀུན་མཐུན། མིག་དཔེ་ཅན་གྱི་ཡ་རབས་མི་བུ་བཟང་པོ་ཞིག་སྐྱེད་སྲིང་བྱ་རྒྱུ་ནི་གཅིག་མཐུན་གྱི་སྙེག་བྱ་དང་འབྱུང་འགྱུར་ལ་ཕྱོགས་པའི་དགེ་བའི་བགྱི་བའོ།།


  • ལེ་ཚན་སྔོན་མ།:དུས་ཚོད་དང་མནོ་བསམ།
  • ལེ་ཚན་རྗེས་མ།:གངས་ཆབ་སྔོན་མོ།