འཆར་ཡན་ཁྲོད་ཀྱི་སྙིང་ཉེ།

འབུ་ཚེ་རིང་།        2017-11-21

སེམས་པ་ནང་ལ་བཀུག་ནས།།

དྲན་པ་འགོག་ཐབས་བྱས་ཀྱང་།།

ཁྱེད་རང་ཁ་འབྲས་གཙང་བས།།

བྱོལ་ཐབས་ཡོད་ས་མ་རེད།།


བསིལ་འཇམ་རླུང་གིས་སྤུར་བའི།།

སྤྲིན་པ་ཕྱོགས་བཅུར་འཐོར་སོང་།།

ང་རང་ཁེར་རྐྱང་ཡིན་པས།།

སྐྱོ་རོགས་བྱས་པ་ཡིན་ནམ།།


ནམ་མཁའི་ཟླ་བ་མཛེས་པས།།

ཁྱེད་ཀྱི་ཡིད་སེམས་བསླུས་ཡོད།།

ང་ཡང་རི་རྩེར་བུད་དེ།།

སྐར་ཚོགས་བརྩི་བར་མོས་སོང་།།


ས་མཐའི་ཁ་དོག་སྐྱོ་ལ།།

དབེན་པའི་གླུ་གཞས་སྨྲེང་བས།།

ང་རང་ཚོར་བས་གདོངས་ཏེ།།

ལུས་ཀྱི་ཤ་ཡང་སྐམ་སོང་།།

རི་བོར་འཛད་མཐའ་བྲལ་བས།།

ཆུ་ཀློང་དཀའ་ངལ་ཆེ་སོང་།

གྱེས་པའི་ལོ་ཟླ་རིང་བས།།

མི་ཚེའི་ཕྱེད་ཀ་ཟིན་འདུག།


ས་གཞིའི་ཁ་དོ་འགྱུར་བ།།

བདག་གིས་བརྩི་བར་མི་ཕོད།།

ལོ་ཟླ་བརྒལ་བ་མང་བས།།

སྐྲ་ལོ་དཀར་བར་དོགས་འདུག།


ཁྱེད་རང་དྲན་པས་མི་ཕན།།

འཕྲད་ཀྱང་བྱེད་རྒྱུ་མེད་འདྲ།།

སེམས་སུ་ཟིག་པའི་གྲི་ཆུང་།།

ནམ་ཞིག་ཡལ་བར་སྲིད་དམ།།


ཁ་བས་ཡིད་སེམས་གཙེས་བྱུང་།།

བྱེའུས་སྐྱོ་གཞས་བཏང་བས།།

ལྗོན་པའི་ལོ་འདབས་དག་ཀྱང་།།

གཙང་པོ་བརྒལ་ཏེ་ཕེབས་སོང་།།


  • ལེ་ཚན་སྔོན་མ།:བྱེའུ་ཆུང་ཆུང་།
  • ལེ་ཚན་རྗེས་མ།:ཕ་ཡུལ་ལ་བསྟོད་པ་གཡུ་སྦྲང་གཞོན་ནུའི་གཤོག་སྒྲ།