བྱེའུ་ཆུང་ཆུང་།

ཁ་བ་རྐང་གླིང་།        2017-11-21

དགུན་གྱི་རླུང་བུ་རྩུབ་མོ་ཞིག་གིས། །

ལྗོན་པའི་འདབ་ལོ་ཤག་ཤག་ཁུར་སོང་། །

སྡོང་པོ་ཕོ་ཧྲེང་རླུང་གིས་འགུལ་ལོ། །

སྒེའུ་ཁུང་ཕྱི་རོལ་གྲང་བས་མནར་རོ། །


ཉིན་མོའི་གུང་གི་ཉི་འོད་སེར་པོ། །

གནམ་གྱི་གུང་ནས་ཤར་བ་ཙམ་ལས། །

དྲོད་ཀྱི་བདེ་བ་ཞེས་པ་ཡེ་མེད། །

འཆར་དང་མ་འཆར་འོད་ཀྱི་ཁྱད་རེད། །


ང་ནི་སྒེའུ་ཁུང་ནང་རོལ་ཁང་ཆུང་། །

ཉལ་ཆས་གསུམ་བརྩེགས་བཞི་བརྩེགས་རྒྱབ་ཡོད། །

ལུས་ལ་བདེ་བའི་དྲོད་ཀྱིས་གསོས་ཡོད། །

སེམས་ལ་སྐྱིད་པའི་སྣང་བ་ཤར་ཡོད། །

སྒེའུ་ཁུང་ཕྱི་རོལ་རྡུལ་ནག་འཚུབ་སོང་། །

རྟེན་གཞི་མེད་པའི་བྱེའུ་ཆུང་དེ་ཡང་། །

རྡུལ་དང་རླུང་གིས་བཏུམས་ནས་ཁྲིད་སོང་། །

མིག་ཟུང་འགགས་ཏེ་མཐོང་མེད་འདྲུད་སོང་། །


རླུང་བུ་ལྡོམ་པོས་གཙེས་པའི་བྱེའུ་ཆུང་། །

ང་ཡི་སྒེའུ་ཁུང་ནང་ནས་འཛུལ་ཤོག །

གཤོག་པ་ཆེ་ཆེར་རྐྱང་ནས་ཕེབས་ཤོག །

འཇིགས་སྐྲག་ཚིགས་འབྲུ་བོར་ནས་བབས་ཤོག །


ང་ཡི་ཟས་ཀྱི་སྟོན་མོ་སྒྲིག་ཡོད། །

བཏུང་བྱའི་འོ་དཀར་བཤམས་ནས་ཡོད་དོ། །

ཁང་ཆུང་དྲོད་ཀྱི་བཀང་ནས་ཡོད་པས། །

བློ་བདེ་ངང་ནས་ལག་སྟེང་བབས་ཤོག །


  • ལེ་ཚན་སྔོན་མ།:ཕ་ཡུལ་གངས་ལྗོངས།
  • ལེ་ཚན་རྗེས་མ།:འཆར་ཡན་ཁྲོད་ཀྱི་སྙིང་ཉེ།