ཕ་ཡུལ་གངས་ལྗོངས།

གངས་ཆར།        2017-11-20

གནམ་སའི་བར་གྱི་ངོ་མཚར་གནས་མཆོག་དང་།

གངས་རིའི་ལྗོངས་སུ་འཚོ་བའི་མི་རིགས་ཤིག

གངས་རིའི་རྩེ་མོ་ནམ་མཁར་བསྙེགས་འདྲ་བ།

ཁ་བ་གངས་རི་ཕ་ཡུལ་གངས་ཅན་རྒྱན།

 

སྟོན་པ་ཐུགས་རྗེ་ཅན་གྱི་བྱིན་བརླབས་ལས།

ནང་པ་སངས་རྒྱས་འཚེ་མེད་ཞི་བདེའི་ལམ།

འགྲོ་དྲུག་མ་རུ་འཛིན་པའི་བཏང་སྙོམས་བློས།

གངས་ཅན་ལྗོངས་འདིར་སྙིང་རྗེའི་མེ་ཏོག་བཞད།

 

ལས་འབྲས་སེམས་སུ་འཛིན་པ་བདེན་པའི་བློ།

བདེན་པའི་བློ་ལ་ཚད་མའི་རིན་ཐང་ལྡན།

སྐད་ཅིག་འཇིགས་པའི་འགྲོ་བ་མིའི་རིགས་ལ།

ནང་བསྟན་རིག་གནས་སེམས་ཀྱི་སྙིང་བཅུད་ཡིན།

 

གངས་ཀྱི་རི་བོས་བསྐོར་བའི་ཕ་ཡུལ་དུ།

གངས་ལ་ཆགས་པའི་བརྩེ་བ་དྲོན་མོ་ཡོད།

བརྩེ་བ་དྲོན་མོས་བློ་གཏད་གངས་རིར་བཅོལ།

ཕ་ཡུལ་གངས་ལྗོངས་མཚར་སྡུག་གོ་ལའི་རྒྱན།

 

མཁས་རླུང་གཙང་ལ་གངས་ཆུ་ལྷག་པར་དྭངས།

རང་བྱུང་ལྷུན་གྱིས་འགྲུབ་པའི་ཁོར་ཡུག་མཛེས།

ལྷག་བསམ་གངས་ལྟར་དཀར་བའི་མི་བུའི་ཚོགས།

གངས་རི་སེམས་སུ་དྲན་བཞིན་གངས་ལྗོངས་དྲན།

 

དད་པའི་བློ་ཡིས་རང་སེམས་རང་གིས་བཅུན།

སྙིང་རྗེའི་བློ་ཡིས་ཡོད་ཚད་བྱམས་ཀྱིས་སྐྱོང་།

གངས་ཅན་ལྗོངས་ཀྱི་མི་བུའི་ལུས་སེམས་གཉིས།

དྭངས་གཙང་ཡར་ཆབ་གཙང་པོའི་རྒྱུན་དང་རྒྱུགས།

 

གངས་ཅན་མཁས་པའི་གཙུག་རྒྱན་ཙོང་ཁ་མཆོག

རིག་པའི་སེང་གེ་དགེ་འདུན་ཆོས་འཕེལ་མཆོག

རང་མོས་སྙན་ངག་སྲོལ་འབྱེད་རང་གྲོལ་སོགས།

གངས་ཅན་རིག་པའི་སྐར་ཆེན་མང་ནང་མང་།


  • ལེ་ཚན་སྔོན་མ།:རྒྱང་ལྟའི་འཛུམ་མདངས།
  • ལེ་ཚན་རྗེས་མ།:བྱེའུ་ཆུང་ཆུང་།