དུས་ཚོད་དང་མནོ་བསམ།

ཁྱུང་གཤོག        2017-11-20

     ལོ་ཟླ་རྒས་ཀྱིན་ཡོད་དམ། ཁྱེད་ཀྱི་ལང་ཚོ་རྒྱུས་མེད་ཀྱི་འཆི་བའི་གཡང་གཟར་དུ་འདེད་ཀྱིན་འདུག

     དུས་ཚོད་སྐར་ཆ་རེ་རེ་ནི་ང་ཚོའི་འཆི་གསོན་གྱི་མདུན་རྒྱབ་ཏུ་འགྲེང་ཡོད་པའི་བསྔོ་ཡིག་མིང་མེད་དེ་རེད། སོང་སོང་བའི་མཐའ་མར་སླར་ཡང་ཆོས་ཉིད་ཅིག་གི་སྤྱི་འགྲོས་ནང་ཨུ་ཚུགས་ཀྱིས་བགྲོད་དགོས་ན།སུ་ཞིག་གིས་ལས་འབྲས་ནི་མནར་མེད་ཀྱི་དམྱལ་ཁམས་ལས་ཀྱང་སྡུག་གོ་ཅེས་སྨྲ་སྲིད་དམ།

     ལོ་ཟླ་ནི་རྨི་ལམ་ཞིག་རེད་དམ་གཏམ་རྒྱུད་ཅིག་རེད།རྒ་ཤིའི་གོ་རིམ་རེ་རེ་ནི་དུས་ཚོད་ཀྱི་གོམ་སྟབས་རེ་རེ་ལགས།

     རླུང་ཆེན་འཇགས་རྗེས་ཀྱི་དཔྱིད་མགོ་མའི་ས་སྲོད་ཅིག་གི་རྒས་གཉེར་ཁྲོད།ང་རང་སྒེའུ་ཁུང་ཁར་འགྲེང་སྟེ།འདས་དོན་མང་པོ་ཞིག་གི་མཁའ་དབྱིངས་ལ་བསྐྱར་མཇལ་བྱུང་ན་སྙམ་པའི་ཚོད་བགམ་ལན་མང་བྱས།དུས་ཚོད་ནི་དལ་འཇགས་གེར་དྲན་པ་དག་ཉི་མའི་ངོ་གདོང་ལ་བཀལ་ཞིང་མཚམས་སྤྲིན་གྱི་འཛུམ་མདངས་ལ་བསྲེས་རྗེས་རྨི་ལམ་གྱི་འོད་སྣེར་ཆས་འགྲོ།

     ས་གཞི་རྒས་ཤུལ་གྱི་ཆུ་མོ་ནི་ཇི་འདྲའི་ཁུ་སིམ་སིམ།དུས་ཚིགས་ཤིག་ཕར་ལ་བསྐྱལ་རྗེས་ཡང་བསྐྱར་དུས་ཚིགས་ཤིག་བསུ་དགོས་པ་འདིའང་ཇི་འདྲའི་ཁུ་སིམ་ཨང་།ཁུ་སིམ་པའི་དུས་ཚོད་ཀྱི་མདའ་རྩེ་ནས་ཚེ་སྲོག་གྲངས་མེད་ཅིག་ཁུ་སིམ་མེར་གང་ཞིག་ཏུ་བཞུད་དགོས་བསམ་ན།ངའི་སྙིང་ཆུང་གི་འཕར་ལྡིང་ཡང་ཁུ་སིམ་གྱི་རོལ་དབྱངས་དེའི་འདེགས་འཇོག་དང་བསྟུན་ནས་ཁུ་སིམ་སིམ་གྱི་ཆུ་མོའི་གཞུང་ལ་འཐིམ་འགྲོ།ཐུང་ཐུང་གི་མི་ཚེ།རྩྭ་རྩེའི་ཟིལ་བ་འདྲ་སྟེ།སང་ཉིན་ང་རང་གསོན་ཡོད་ཅེས་སུ་ཡིས་བསྙད་ཐུབ།

     དུས་ཚོད་ནི་ནད་བརྒྱ་དྲག་སྐྱེད་འབྱུང་བར་བྱེད་པའི་སྨན་མཆོག་ཡིན་པ་དང་ཆེས་མི་ཁོམ་པའི་མི་དེ་ནི་དུས་ཚོད་ཆེས་མང་བའི་མི་དེ་ཡིན། འཇིག་རྟེན་སྟེང་གསོན་པའི་བདེ་སྐྱིད་ནི་དུས་ཚོད་ཇི་ལྟར་སྣང་མེད་དུ་དོར་ན་མི་ཚེ་ལ་དེ་ལྟར་དོན་སྙིང་ལོན་པ་དེ་ཡིན་ནམ།

     དུས་ཚོད་ནི་མི་རྟག་པ་མཚོན་བྱེད་ཀྱི་མེ་ལོང་དེ་རེད་དམ།སྨག་རུམ་རབ་ཏུ་སྟུག་པའི་མཚན་གཞུང་རེ་རེར།སྒེའུ་ཁུང་ལས་ཉི་མ་རི་ལ་ནུབ་པ་དང་ཟླ་བ་མཚོ་ལ་ལྷུང་བ།རླུང་བུའི་གོམ་སྟབས་བསྒྱུར་བ་སོགས་ནི་ལོ་ཟླའི་རུམ་ཁ་ལས་ལྷུང་བའི་དུས་ཀྱི་ཆོ་འཕྲུལ་ཡིན་ནམ།ལོ་ཟླ་ནི་ཁྱེད་ཀྱི་བྲང་གཞུང་ལ་དྲན་སྐུལ་སློང་བའི་ཅོང་བརྡ་སྟེ།དུས་ཚོད་སྐར་ཆ་རེ་རེས་དོན་སྙིང་མ་ལུས་ངོ་གདོང་གི་གཉེར་རིས་ལ་ཕབ་རྗེས་ཁ་རོག་གེར་རྒྱང་དུ་བྱེར་འགྲོ་བ་དེ།

     ད་ནི་ཁྱེད་ཀྱིས་བརྩེ་བ་དུས་ཚོད་ལ་ཐོབས་ཤིག གོམ་འགྲོས་དུས་ཚོད་ལ་ཐོབས་ཤིག ཚེ་སྲོག་ཀྱང་དུས་ཚོད་ལ་ཐོབས་ཤིག


  • ལེ་ཚན་སྔོན་མ།:བྱམས་སྙིང་རྗེའི་བདག་མོ།
  • ལེ་ཚན་རྗེས་མ།:བརྩི་འཇོག བརྩི་འཇོག