རྒྱང་ལྟའི་འཛུམ་མདངས།

འདྲུ་བཀྲ་ཤིས་རྒྱལ།        2017-11-20

ལན་བུ་རྒྱབ་ཏུ་བསྐྱུར་ནས་དགོད་ཀྱིན་གདའ།།

རྒྱང་རིང་འཛུམ་གྱིས་བསུས་ནས་དགོད་ཀྱིན་གདའ།།

གདོང་གཤིས་བཅོས་མ་མིན་དེར་ང་རང་དགའ།།

སྐེ་བརྒྱན་ཡིད་ལ་འོང་དེར་ང་རང་དུང་།།

 

རྒྱང་རིང་རེ་བའི་ལམ་བུར་དམིགས་པ་གཏད།།

སེམས་གཤིས་ཉོག་པ་མེད་པར་འཛུམ་གདངས་བྱུགས།།

ལག་གཡས་དཔྲལ་བར་བཞག་པའི་ཚུགས་ཀ་དེ།།

ལྡེམ་མྱུར་ལུས་ཀྱི་སྟངས་སྟབས་འཇལ་བའི་ཚད།།

 

ན་ཚོད་དེ་ལ་ལྷག་བསམ་དུང་ཟླ་རེད།།

གདོང་རིས་དམར་སྨུག་མེས་པོའི་ཁྲག་རྒྱུན་རེད།།

ཞལ་ཁྱིམ་འཛུམ་སྟེ་དུང་སོ་དཀར་པོ་མངོན།།

ལྟ་ཡིན་ལྟ་ཡིན་སེམས་པས་ཁྱོད་རང་བརྗོད།།

 

སྐྲ་ལོ་གནག་སྣུམ་རླུང་བུས་དལ་གྱིས་བསྐྱོམས།།

ཡ་ཆུང་སེམས་པ་བདེ་དགས་རང་བཞིན་སྒུལ།།

ལུས་ཀྱིས་རེ་འདུན་ཁྲི་ཚོ་མྱུལ་གྱིན་དུ།།

སྐེ་བརྒྱན་བྱུ་རུས་བརྩེ་བའི་འོ་ཞིག་སྦྱར།།

 

ང་ཡི་བསམ་ན་ན་ཆུང་དབྱངས་ཅན་མ།།

སྟངས་སྟབས་ལྡེམ་པོ་འཕྲུལ་གྱི་མེ་ཏོག་ཅིག

ཡང་གཅིག་བཤད་ན་ན་ཆུང་མཛེས་ལྡན་མ།།

མེས་པོའི་རྣམ་ཤེས་བསླུ་བའི་ཆོ་འཕྲུལ་ཙམ།།


  • ལེ་ཚན་སྔོན་མ།:སྟོན་དུས་ཀྱི་ལྟད་མོ།
  • ལེ་ཚན་རྗེས་མ།:ཕ་ཡུལ་གངས་ལྗོངས།