ཟླ་བ་དང་པོ་ནས་དགུ་པའི་བར་རང་རྒྱལ་གྱི་ལས་ཞུགས་གནས་བབ་རྒྱུན་མཐུད་དེ་བརྟན་ཐོག་ཡག་འཕེལ་བྱུང་ཡོད།

ཁ་ཕྱོགས་མཐའ་ཡས་དང་དར་ལེགས་ཀྱིས་བསྒྱུར།        2017-11-15

      ཞིན་ཧྭ་གསར་འགྱུར་ཁང་པེ་ཅིན་ནས་ཟླ་བ11པའི་ཚེས1ཉིན་འབྱོར་བའི་གཏམ་གསར། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་ལེན་པུའུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོའི་སྔོན་གྱི་དུས་ཚིགས་གསུམ་དུ་རྒྱལ་ཡོངས་ཀྱི་ལས་ཞུགས་གནས་བབ་སྤྱིའི་ཆ་ནས་བཤད་ན་བརྟན་པོ་ཡིན་ཞིང་རྒྱུན་མཐུད་དེ་བརྟན་ཞིང་ཡག་ཕྱོགས་སུ་འཕེལ་བཞིན་པ་ཡོད་ཅིང་། ཟླ་བ་དང་པོ་ནས་དགུ་པའི་བར་རྒྱལ་ཡོངས་གྲོང་རྡལ་དུ་ལས་ཞུགས་མི་ཁྲི1097གསར་དུ་བསྣན་ཡོད་ལ། ན་ལོའི་དུས་མཉམ་ལས་མི་ཁྲི30འཕར་སྣོན་བྱུང་ཡོད།

      ཚོགས་པ་གཙོ་བོའི་ལས་ཞུགས་གནས་བབ་ལ་བལྟས་ན། ད་ལོར་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་ཞུགས་ཆུ་ཚད་སྔ་ལས་ལྷག་པར་ཇེ་མཐོར་འགྲོ་ཡོད། ཐོན་ནུས་ལྷག་མའི་ལས་བཟོ་བ་བཀོད་སྒྲིག་བྱས་ཚུལ་སྤྱིའི་ཆ་ནས་བཤད་ན་བརྟན་ཞིང་གོ་རིམ་ལྡན་པ་དང་། དཀའ་ངལ་ཡོད་པའི་ཚོགས་པ་ལས་ཞུགས་བྱེད་པར་རོགས་རམ་བྱེད་ཤུགས་ཆེ་རུ་བཏང་སྟེ། ལས་ཞུགས་བྱེད་མཁན་གཅིག་ཀྱང་མེད་པའི་དུད་ཚང་མེད་པར་གྱུར་ཡོད། དུས་མཚུངས་སུ་ཁྲོམ་རའི་དགོས་མཁོ་དང་ཁེ་ལས་ཀྱི་ལས་མི་བཀོལ་སྤྱོད་བྱ་རྒྱུའི་གནས་ཚུལ་རྒྱུན་དུ་ལེགས་བཅོས་བྱུང་ཞིང་། གྲོང་ཁྱེར100ཡི་ཐུན་མོང་གི་ལས་ཞུགས་ཞབས་ཞུ་ལས་ཁུངས་ཀྱི་ཁྲོམ་རའི་དགོས་མཁོའི་གཞི་གྲངས་ལས་མངོན་པར་ལྟར་ན། དུས་ཚིགས་གསུམ་གྱི་ནང་ཁྲོམ་རའི་མི་སྣ་དགོས་མཁོ་བྱེད་ཚད་ལྡབ1.16ལ་བསླེབས་ཏེ་ལོ་རྒྱུས་ཐོག་གི་ཆུ་ཚད་མཐོ་ཤོས་སླེབས་ཡོད།

     མི་དོན་པུའུ་ཡིས་ཕྱིན་ཆན་དུ་ཆེད་དོན་གྱི་ཞབས་ཞུ་བྱེད་སྒོ་སྤེལ་བ་སྒྲིག་འཛུགས་བྱས་ཏེ་སློབ་གྲྭ་ནས་མཐར་ཕྱིན་བྱས་ཀྱང་ལས་ཞུགས་བྱེད་མེད་པའི་སློབ་མ་ལས་ཞུགས་བྱེད་པར་གཅིག་བསྡུས་ཀྱིས་སྐུལ་མ་གཏང་རྒྱུ་དང་། བརྟན་ཞིང་གོ་རིམ་ལྡན་པའི་ངང་ཐོན་ནུས་ལྷག་མའི་ལས་བཟོ་བ་ཁག་བགོས་ནས་བཀོད་སྒྲིག་བྱེད་པར་སྐུལ་འདེད་གཏང་རྒྱུ། ལས་ཞུགས་དབུལ་སྐྱོར་ཉིན་མོའི་བྱེད་སྒོ་སྤེལ་བར་སྒྲིག་འཛུགས་བྱས་ནས་ཞིང་སྡེའི་སྤོ་སྒྱུར་མི་ལག་དང་གྲོང་རྡལ་གྱི་དཀའ་ངལ་ཡོད་པའི་རིགས་སོ་སོའི་ཚོགས་པ་ལས་ཞུགས་བྱེད་པར་གཅིག་གྱུར་གྱིས་སྐུལ་འདེད་གཏང་རྒྱུ། ས་གནས་སོ་སོར་ཁྲིད་སྟོན་བྱས་ཏེ་ལས་ལམ་གསར་འབྱེད་བྱེད་པའི་རོགས་སྐྱོར་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱ་རྒྱུ། སྔར་ལས་ལྷག་པར་ཞིང་པའི་གླ་པ་ཕ་ཡུལ་དུ་ལོག་ནས་ལས་ལམ་གསར་འབྱེད་བྱེད་པར་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་དང་བྱེད་ཐབས་གཏན་འབེབས་བྱ་རྒྱུ། མུ་མཐུད་དེ་ཐུན་མོང་གི་ལས་ཞུགས་ཞབས་ཞུ་དེ་ཆ་འཕྲིན་ཅན་དང་ཆེད་ལས་ཅན་དུ་བསྐྲུན་པར་སྐུལ་འདེད་གཏང་རྒྱུ་བཅས་རེད།། 


  • ལེ་ཚན་སྔོན་མ།:རང་རྒྱལ་གྱིས་བཟོས་པའི་མི་མེད་ཐད་འཕུར་གནམ་གྲུ་མཚོ་འཕགས་སྨི5000སར་འཕུར་བའི་ཟིན་ཐོ་བཀོད།
  • ལེ་ཚན་རྗེས་མ།:ཞི་ཅིན་ཕིང་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་མི་སྣའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་ཉེར་ལྔ་པར་ཞུགས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡ
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10