མཚོ་སྔོན་གྱི་གཞུང་འཛུགས་སྨན་ཁང་གིས་ཕྱོགས་ཡོངས་ནས་དེང་རབས་སྨན་ཁང་གི་དོ་དམ་ལམ་ལུགས་ཁྱབ་གདལ་བཏང་།

ཚེ་རིང་གཡང་འཛོམས་དང་གཡང་ལི་ཆུང་གིས་བསྒྱུར།        2017-11-15

        ཞིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་བ11པའི་ཚེས4ཉིན་འབྱོར་བའི་གཏམ་གསར། མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ལྷན་ནས་ཤེས་རྟོགས་བྱུང་བ་ལྟར། 2016ལོར་ཞིང་ཆེན་རིམ་པའི་ཕྱོགས་བསྡུས་སྨན་བཅོས་བཅོས་བསྒྱུར་བྱེད་པར་གྲུབ་འབྲས་མང་པོ་ཐོབ་པའི་རྨང་གཞིའི་ཐོག ཟླ་བ10པའི་ཚེས11ཉིན་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས《མཚོ་སྔོན་ཞིང་ཆེན་གྱིས་དེང་རབས་སྨན་ཁང་དོ་དམ་ལམ་ལུགས་འཛུགས་རྒྱུའི་ལག་བསྟར་ཇུས་གཞི》བཏོན་ནས་དེང་རབས་སྨན་ཁང་གི་དོ་དམ་ལམ་ལུགས་འཛུགས་སྐྱོང་བྱ་རྒྱུའི་ཕྱོགས་གསུམ་གྱི་ཐད་གཙོ་གནད་ལས་འགན23གཏན་འཁེལ་བྱས་པ་རེད། ཞིང་ཆེན་ཡོངས་ཀྱི་གཞུང་འཛུགས་སྨན་ཁང་གིས་སྒྲིག་ཡིག་གཅིག་བཟོས་པ་དང་ལམ་སྲོལ་གཅིག་འཐུས་ཚང་དུ་གཏོང་བ། ལམ་ལུགས་ཁག་བཅུ་འཐུས་ཚང་དུ་གཏོང་བ། ལས་དོན་ཁག་གཉིས་ལེགས་པོར་བསྒྲུབས་པར་བརྒྱུད་སྨན་ཁང་གི་དོ་དམ་ལམ་ལུགས་འཐུས་ཚང་དུ་གཏང་རྒྱུ་དང་། སྲིད་གཞུང་གིས་སྨན་ཁང་གཉེར་པའི་སྒྲིག་གཞི་འཐུས་ཚང་དུ་བཏང་བར་བརྒྱུད་རིམ་པ་སོ་སོའི་སྲིད་གཞུང་གིས་གཞུང་འཛུགས་སྨན་ཁང་བཙུགས་པའི་འགན་ནུས་བརྒྱུད་ནས་སྨན་ཁང་གི་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏང་རྒྱུ་རེད།

       མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཝང་ཞའོ་ཆིང་གིས་ངོ་སྤྲོད་བྱས་པ་ལྟར་ན། གཞུང་འཛུགས་སྨན་ཁང་གི་སྲོག་ཤིང་ལྟ་བུའི་འགྲན་སློང་ནུས་པ་ནི་སྨན་ཁང་གི་རིག་གནས་འཛུགས་སྐྲུན་དང་དམངས་ལ་སྟབས་བདེ།དམངས་ཕན་བྱེད་ནུས་དང་སྤུས་ཀར་རག་ལས་པ་རེད། 《ཇུས་གཞིའི》ནང་སྨན་ཁང་གི་དམངས་གཙོའི་དོ་དམ་དང་སྨན་བཅོས་སྤུས་ཀའི་ཉེན་མེད་དོ་དམ། མི་ཤུགས་ཐོན་ཁུངས་དོ་དམ། ནོར་དོན་རྒྱུ་ནོར་གྱི་དོ་དམ། ལས་ཆོད་དཔྱད་བསྡུར། རིམ་བགོས་སྨན་བཅོས། ཤེས་ལྡན་མི་སྣ་གསོ་སྐྱོང་དང་དོ་དམ། གསོ་རིག་ཚན་རིག་ཞིབ་འཇུག་གི་དོ་དམ། རྗེས་རྙེགས་ཞབས་ཕྱིའི་དོ་དམ། སྨན་ཁང་ཆ་འཕྲིན་གྱི་དོ་དམ་བཅས་ནང་དོན་གཙོ་བོ10འཐུས་ཚང་དུ་གཏང་རྒྱུར་དམ་འཛིན་བྱས་ནས་ཕྱིན་ཆད་འཚོལ་ཞིབ་བྱེད་པའི་ཁྲོད་དུ་སྨན་ཁང་གི་འཁོར་རྒྱུག་ཡག་པོ་ཡོང་བར་གཞིར་བཟུང་ས་ཐོན་རྒྱུའི་རེ་བ་ཡོད་པ་རེད། 2020ལོར་བསླེབ་དུས་མཚོ་སྔོན་ཞིང་ཆེན་གྱིས་གཞི་རྩའི་ཐོག་འགན་དབང་ཁ་གསལ་དང་ཚན་རིག་དང་མཐུན་པའི་དོ་དམ། བཅོས་སྐྱོང་འཐུས་ཚང་། ལས་ཆོད་མཐོ་བའི་འཁོར་རྒྱུག ལྟ་ལྐུལ་ནུས་ལྡན་གྱི་དེང་རབས་སྨན་ཁང་གི་དོ་དམ་ལམ་ལུགས་ཤིག་འཛུགས་ཐུབ་པ་བྱ་རྒྱུ་རེད།།


  • ལེ་ཚན་སྔོན་མ།:མཚོ་སྔོན་ཞིང་ཆེན་གྱིས་གྲང་ངར་ཆེ་བའི་འབྲོག་ཁུལ་དུ་ནོར་ལུག་ལ་གནམ་གཤིས་བསྡུར་གྲངས་ཀྱི་ཉེན་འགོག་འགན་སྲུང་ལག་བསྟར་བྱས།
  • ལེ་ཚན་རྗེས་མ།:རང་རྒྱལ་གྱིས་བཟོས་པའི་མི་མེད་ཐད་འཕུར་གནམ་གྲུ་མཚོ་འཕགས་སྨི5000སར་འཕུར་བའི་ཟིན་ཐོ་བཀོད།
  • དོ་སྣང་ཆེ་བའི་རྩོམ།