མཚོ་སྔོན་ཞིང་ཆེན་གྱིས་གྲང་ངར་ཆེ་བའི་འབྲོག་ཁུལ་དུ་ནོར་ལུག་ལ་གནམ་གཤིས་བསྡུར་གྲངས་ཀྱི་ཉེན་འགོག་འགན་སྲུང་ལག་བསྟར་བྱས།

ཁ་ཕྱོགས་མཐའ་ཡས་དང་དར་ལེགས་ཀྱིས་བསྒྱུར།        2017-11-15

     ཞིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་བ11པའི་ཚེས4ཉིན་འབྱོར་བའི་གཏམ་གསར། ཀྲུང་གོའི་ཉེན་འགོག་ལྟ་སྐུལ་ལྷན་ཚོགས་ཀྱི་མཚོ་སྔོན་ལྟ་སྐུལ་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་སྔོན་ཞིང་ཆེན་གྱིས་ཞིང་ལས་ཉེན་འགོག་ལམ་ལུགས་གསར་གཏོད་བྱས་ཏེ། ད་ལོའི་ཟླ་བ10པའི་ཟླ་འཇུག་ནས་བཟུང་གྲང་ངར་ཆེ་བའི་འབྲོག་ཁུལ་དུ་ནོར་ལུག་ཁྲི4ལ་གནམ་གཤིས་བསྡུར་གྲངས་ཀྱི་ཉེན་འགོག་འགན་སྲུང་ལག་བསྟར་བྱས་ནས་དགུན་དུས་སུ་ཕྱུགས་ལས་ཐོན་སྐྱེད་ཐད་སེམས་ཁྲལ་སེལ་བར་ཁག་ཐེག་བྱས་ཡོད་པ་རེད།

      དགུན་དུས་སུ་མཐོ་སྒང་འབྲོག་ཁུལ་གྱི་འབྲོག་པ་ཚོས་རྒྱུན་ལྡན་དུ་ཕྱུགས་ལས་ཐོན་སྐྱེད་བྱ་ཆེད། མཚོ་སྔོན་ཞིང་ཆེན་གྱིས་འགོ་ལོག་ཁུལ་རྨ་ཆེན་རྫོང་ལག་ཡུལ་ཚོ་དང་། རྟ་ཞོལ་མ་ཡུལ་ཚོ། དབྱིག་གཞུང་ཡུལ་ཚོ་བཅས་གསུམ་ལ་ཚོད་ལྟ་བྱས་ཏེ། བོད་པའི་ནོར་ལུག་གི་ཁ་བའི་འབབ་ཚད་གནམ་གཤིས་བསྡུར་གྲངས་ཀྱི་ཉེན་འགོག་ལམ་ལུགས་སྐུལ་འདེད་བཏང་བ་རེད། ཉེན་འགོག་འདིའི་ཐད་ཉེན་འགོག་མ་དངུལ་བརྒྱ་ཆ95ནི་ཧྲམ་ཧའེ་མཚོ་སྐྱོར་མ་དངུལ་ཀྱིས་རོགས་སྐྱོར་བྱས་པ་དང་འབྲོག་མི་རང་གིས་བརྒྱ་ཆ4སྤྲོད་དགོས། ཡིག་ཚགས་བྱང་བུ་བཟོས་པའི་དབུལ་འཕོངས་དུད་ཚང་གིས་གྲོན་དངུལ་འཇལ་མི་དགོས་པའི་གཏན་འབེབབ་བྱས། མིག་སྔར།ཚོད་ལྟའི་ཡུལ་ཚོ་གསུམ་གྱི་གནག་ཕྱུག33092དང་། བོད་ལུག4605ལ་ཉེན་འགོག་འགན་སྲུང་བྱས་ཡོད། ཉེན་འགོག་སྤྱིའི་མ་དངུལ་སྒོར་ཁྲི 6746.55བླངས་པ་རེད།

      འགོ་ལོག་ཁུལ་རྨ་ཆེན་རྫོང་འབྲོག་ལས་ཅུས་ཀྱི་ཅུས་ཀྲང་ཡོན་ཚོན་ཅིན་གྱིས་བཤད་དོན། ང་ཚོས་མང་ཚོགས་ལ་ཉེན་འགོག་དེའི་ཐད་ཀྱི་ལམ་ལུགས་གསར་བསྒྲགས་བྱས་པའི་ཁྲོད་ལ་དགའ་བསུ་ཆེན་པོ་ཐོབ། དེ་སྔ་གངས་སྐྱོན་ཐེབས་པའི་རྗེས་ལ་འབྲོག་མི་རྣམས་ཀྱི་ནོར་ལུག་ཤི་རྗེས་ད་གཟོད་སྐྱིན་ཚབ་འཇལ་བ་རེད། ཡིན་ན་ཡང་ཐེངས་འདིའི་ཉེན་འགོག་ལམ་ལུགས་ཀྱིས་འབྲོག་མི་རྣམས་ལ་གངས་སྐྱོན་ཐེབས་པའི་སྐབས་སུ་ཉེན་འགོག་སྤྱི་གཉེར་ཁང་གིས་སྐྱིན་ཚབ་འཇལ་བའི་མ་དངུལ་གྱིས་མྱུར་དུ་ཐོན་སྐྱེད་རང་སྐྱོབ་བྱ་ཆོག་པ་རེད། དཔེར་ན་གཟན་ཆག་གསོག་འཇོག་བྱ་པ་དང་། དྲོད་ཁང་བཟོས་ཏེ་གྱོང་གུན་ཇེ་དམའ་གཏང་ཐུབ་པ། དེར་བརྟེན། གསར་གཏོད་གྲུབ་འབྲས་ཀྱིས་རྒྱ་ཆེ་བའི་ཞིང་འབྲོག་མང་ཚོགས་ལ་དངོས་སུ་ཕན་ཐོགས་པ་རེད།།


  • ལེ་ཚན་སྔོན་མ།:སི་ཁྲོན་གྱིས་སློབ་གསོའི་དབུལ་སྐྱོར་ལ་བརྟེན་ནས་དབུལ་པོ་རྒྱུད་རབས་བཅད་གྲབས་ཡོད།
  • ལེ་ཚན་རྗེས་མ།:མཚོ་སྔོན་གྱི་གཞུང་འཛུགས་སྨན་ཁང་གིས་ཕྱོགས་ཡོངས་ནས་དེང་རབས་སྨན་ཁང་གི་དོ་དམ་ལམ་ལུགས་ཁྱབ་གདལ་བཏང་།
  • དོ་སྣང་ཆེ་བའི་རྩོམ།