སི་ཁྲོན་གྱིས་སློབ་གསོའི་དབུལ་སྐྱོར་ལ་བརྟེན་ནས་དབུལ་པོ་རྒྱུད་རབས་བཅད་གྲབས་ཡོད།

སྐལ་བཟང་སྒྲོལ་མ་དང་ཚེ་རིང་སྒྲོལ་མས་བསྒྱུར།        2017-11-14

      ཞིན་ཧྭ་གསར་འགྱུར་ཁང་ཁྲེང་ཏུའུ་ནས་འབྱོར་བའི་གཏམ་གསར། ཉེ་ཆར། སི་ཁྲོན་ཞིང་ཆེན་གྱིས《སི་ཁྲོན་གྱི་སློབ་གསོའི་དབུལ་ཐར་འགག་སྒྲོལ(2017ལོ་ནས་2020ལོ་བར)གྱི་ལག་བསྟར་ཇུས་གཞི》བཏོན་ཏེ་ཕྱོགས་ཡོངས་ནས་སི་ཁྲོན་གྱི་ས་ཁུལ་དབུལ་པོའི་སློབ་གསོ་འཕེལ་རྒྱས་ཀྱི་ཆུ་ཚད་མཐོ་རུ་གཏང་རྒྱུའི་གཏན་འཁེལ་བྱས་པ་རེད།

       སི་ཁྲོན་ཞིང་ཆེན་སློབ་གསོ་ཐིང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ཇུས་གཞི་ལག་བསྟར་བྱ་ཡུལ་ནི་ཆིན་པ་རི་ཁུལ་དང་། ཝུའུ་མོང་རི་ཁུལ། ལེའང་ཧྲན་ཆེན་ཆུང་གི་དབྱིས་རིགས་ས་ཁུལ། མཐོ་སྒང་གི་བོད་རིགས་ས་ཁུལ་བཅས་ཀྱི་རྫོང་དབུལ་པོ88དང་དེ་བཞིན“ཡུག་ཁུལ་ཆེན་པོ་བཞི”ཕུད་པའི་རྫོང72ཀྱི་ཡིག་ཚགས་བྱང་བུ་བཟོས་པའི་དུད་ཚང་དབུལ་པོའི་སློབ་གསོ་དང་ལེན་བྱེད་མཁན་གྱི་སློབ་ལོ་སོན་པའི་ལོ་ཆུང་བྱིས་པ་ཁྲི53དང་རིམ་པ་སོ་སོ་དང་རིགས་སོ་སོའི་སློབ་གཉེར་གྱི་ཆ་རྐྱེན་ཞན་པའི་སློབ་གྲྭ་སོགས་འདུས་ཡོད།

       སློབ་ལོ་མ་སོན་གོང་གི་སློབ་གསོའི་ཐད། སི་ཁྲོན་གྱིས་ས་ཁུལ་དབུལ་པོའི་ཤང་དང་གྲོང་རྡལ་རེས་མ་མཐའ་ཡང་གཞུང་བཙུགས་ཀྱི་ལྟེ་བའི་བྱིས་པའི་ཁང་རེ་གཉེར་རྒྱུ་དང་། ཆ་རྐྱེན་འཛོམས་པའི་སྲིད་འཛིན་གྲོང་ཚོས་རང་ཚུགས་ཀྱིས་བྱིས་པའི་ཁང་གཉེར་བ་དང་ཡང་ན་ཡན་ལག་བྱིས་པ་ཁང་གཉེར་དགོས་པ། སྲིད་འཛིན་གྲོང་ཚོ་ཆུང་ངུས་མཉམ་དུ་བྱིས་པ་ཁང་འཛུགས་གཉེར་བྱས་ནས་ས་ཁུལ་དབུལ་པོའི་ཞིང་སྡེའི་སློབ་ལོར་མ་སོན་གོང་གི་སློབ་གསོའི་ཞབས་ཞུའི་དྲ་བ་རིམ་བཞིན་ཆགས་པ་བྱ་དགོས་པའི་བླང་བྱ་བཏོན་པ་རེད།

       མཐོ་རིམ་སློབ་འབྲིང་དུས་རིམ་དུ་ཡིག་ཚགས་བྱང་བུ་བཟོས་པའི་དུད་ཚང་དབུལ་པོའི་འབྲིང་རིམ་ལས་རིགས་སློབ་གསོ་དང་ལེན་བྱེད་མཁན་གྱི་སློབ་མར་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏང་རྒྱུ་དང་། སི་ཁྲོན་ཞིང་ཆེན་གྱི་ཡིག་ཚགས་བྱང་བུ་བཟོས་པའི་དུད་ཚང་དབུལ་པོའི་འབྲིང་རིམ་ལས་རིགས་སློབ་གསོ་དང་ལེན་བྱེད་མཁན་གྱི་སློབ་མར་རོགས་དངུལ་སྤྲོད་པའི་རྨང་གཞིའི་ཐོག་སློབ་མ་རེ་སློབ་དུས་རེར་འཚོ་བའི་ཁ་གསབ་མ་དངུལ་སྒོར500བསྣན་རྒྱུ་རེད།

       མི་རིགས་ས་ཁུལ་ལ་མུ་མཐུད་ནས་ལོ་བཅོ་ལྔའི་སློབ་ཡོན་མི་དགོས་པའི་སློབ་གསོ་བྱ་རྒྱུའི་འཆར་གཞི་ལག་ལེན་བསྟར་ཏེ། ཕྱོགས་ཡོངས་ནས་མི་རིགས་རང་སྐྱོང་ས་ཁུལ་གྱི་རྫོང(གྲོང་ཁྱེར)51གི་གཞུང་བཙུགས་བྱིས་པ་ཁང་གི་ལོ་གསུམ་གྱི་སློབ་གསོའི་གྲོན་དངུལ་དང་གཞུང་བཙུགས་མཐོ་རིམ་སློབ་འབྲིང་དཀྱུས་མའི་ལོ་གསུམ་གྱི་སློབ་ཡོན་རྩ་ཆག་གཏང་རྒྱུ་ཡིན་པར་མ་ཟད། ད་རུང་མཐོ་རིམ་སློབ་འབྲིང་དཀྱུས་མའི་སློབ་གྲྭར་སློབ་སྦྱོང་བྱེད་མཁན་སློབ་མ་ཚང་མར་རིན་པ་མི་དགོས་པར་སློབ་དེབ་སྤྲད་རྒྱུ་རེད། 2020ལོར་བསླེབ་དུས་མི་རིགས་རང་སྐྱོང་ས་ཁུལ་དུ་གཞི་རྩའི་ཐོག་སློབ་ལོར་མ་སོན་གོང་གི་ལོ་གཉིས་རིང་གི་སློབ་གསོ་ཁྱབ་གདལ་བཏང་ནས་སློབ་ལོར་མ་སོན་གོང་གི་ལོ་གསུམ་གྱི་སློབ་ཞུགས་བྱེད་ཚད་བརྒྱ་ཆ80ལ་ཟིན་ཐུབ་པ་བྱ་རྒྱུ། མཐོ་རིམ་སློབ་འབྲིང་དུས་རིམ་གྱི་སློབ་གསོ་ཁྱབ་གདལ་བཏང་ནས་མཐོ་འབྲིང་དུས་རིམ་གྱི་སློབ་ཞུགས་བྱེད་ཚད་བརྒྱ་ཆ90 ལ་ཟིན་ཐུབ་པ་བྱ་རྒྱུ་རེད།།


  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་གིས་ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་དང་གྲོས་མོལ་གནང་བ།
  • ལེ་ཚན་རྗེས་མ།:མཚོ་སྔོན་ཞིང་ཆེན་གྱིས་གྲང་ངར་ཆེ་བའི་འབྲོག་ཁུལ་དུ་ནོར་ལུག་ལ་གནམ་གཤིས་བསྡུར་གྲངས་ཀྱི་ཉེན་འགོག་འགན་སྲུང་ལག་བསྟར་བྱས།
  • དོ་སྣང་ཆེ་བའི་རྩོམ།