ཞི་ཅིན་ཕིང་གིས་ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་དང་གྲོས་མོལ་གནང་བ།

    མི་དམངས་དྲ་བ།    2017-11-14

    ཞི་ཅིན་ཕིང་གིས་ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་དང་གྲོས་མོལ་གནང་བ།

ཞི་ཅིན་ཕིང་གིས་ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་དང་གྲོས་མོལ་གནང་བ།

      ཞིན་ཧྭ་གསར་འགྱུར་ཁང་པེ་ཅིན་ནས་ཟླ11ཚེས9ཉིན་གློག་འཕྲིན་འབྱོར་གསལ། ཚེས9ཉིན་མི་དམངས་ཚོགས་ཁང་ཆེན་མོར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་དང་གྲོས་མོལ་གནང་ཞིང་། རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གིས་ཀྲུང་ཨའི་འབྲེལ་བ་དང་ཐུན་མོང་ཐོག་དོ་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན་ལ་རྒྱ་ཁྱབ་དང་གཏིང་ཟབ་ཀྱི་སྒོ་ནས་དགོངས་འཆར་བརྗེ་རེས་གནང་བ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཝང་དབྱང་མཉམ་དུ་ཞུགས་པ་རེད། 

      ཕྱོགས་གཉིས་པོས་འདི་ལོ་ནས་བཟུང་ཀྲུང་ཨའི་འབྲེལ་བར་གྲུབ་འབྲས་ཆེན་པོ་ཐོབ་པ་དང་། ཀྲུང་ཨའི་འབྲེལ་བ་དེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་བདེ་སྐྱིད་དང་འཛམ་གླིང་གི་ཞི་བདེ་དང་། བརྟན་བརླིང་། དར་རྒྱས་བཅས་དང་འབྲེལ་བ་ཡོད་པ། མཉམ་ལས་ནི་ཀྲུང་ཨ་རྒྱལ་ཁབ་གཉིས་ཀྱི་ཡང་དག་གདམ་ག་འབའ་ཞིག་དེ་ཡིན་པ་དང་གཉིས་ཕན་བྱུང་ཚེ་གཞི་ནས་དེ་བས་ལེགས་པའི་འབྱུང་འགྱུར་ཕྱོགས་སུ་བསྐྱོད་ཐུབ་པ་བཅས་ཀྱི་ངོས་འཛིན་གནང་བ་རེད། 

      ཕྱོགས་གཉིས་པོས་གཙོ་བདག་གི་ཕྱི་འབྲེལ་གྱིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཐབ་ཇུས་ཀྱི་སྣེ་ཁྲིད་ནུས་པ་མུ་མཐུད་ནས་འདོན་སྤེལ་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་མཐོ་རིམ་དང་རིམ་པ་མི་འདྲ་བའི་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ་དང་། མཐོ་རིམ་གླེང་མོལ་ལམ་སྲོལ་བཞི་ཡི་ནུས་པ་འདོན་སྤེལ་གང་ལེགས། དཔལ་འབྱོར་ཚོང་དོན་དང་། དམག་དཔུང་གཉིས། ཁྲིམས་འཛིན། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སོགས་ཁྱབ་ཁོངས་ཀྱི་སྤེལ་རེས་མཉམ་ལས་རྒྱ་ཆེར་གཏོང་བ། རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན་ཐད་ཀྱི་སྦྲེལ་མཐུད་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་ཀྲུང་ཨའི་འབྲེལ་བ་དེ་བས་འཕེལ་རྒྱས་ཆེན་པོ་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུའི་མོས་མཐུན་བྱུང་བ་རེད།

       ཞི་ཅིན་ཕིང་གིས་ནན་གསུང་གནང་དོན། ཀྲུང་ཨའི་འབྲེལ་བ་དེ་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་གནས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨ་རི་ཕྱོགས་དང་མཉམ་དུ་ཕན་ཚུན་བརྩི་འཇོག་དང་། གཉིས་ཁེ་གཉིས་ཕན། གཅིག་སྡུད་མཉམ་ལས། འགལ་ཟླ་དོ་དམ་དང་ཚོད་འཛིན་བཅས་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་དེ་བས་མང་བའི་ཐོབ་ཚོར་ཡོང་བ་དང་ས་ཁུལ་དང་དེ་བཞིན་འཛམ་གླིང་མི་དམངས་ལ་དེ་བས་མང་བའི་ཐོབ་ཚོར་ཡོང་བ་བྱ་དགོས། 

       ཐེ་རོན་ཕུས་གསུངས་དོན། ཨ་ཀྲུང་གི་འབྲེལ་བ་ནི་རླབས་ཆེན་གྱི་འབྲེལ་བ་ཞིག་ཡིན་པ་དང་ཨ་ཀྲུང་གི་མཉམ་ལས་དེ་རྒྱལ་ཁབ་གཉིས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་ཡོད་ལ། དེང་སྐབས་འཛམ་གླིང་གི་གནད་དོན་གལ་ཆེན་ཐག་གཅོད་བྱ་རྒྱུར་ཡང་ཧ་ཅང་གལ་འགངས་ཆེན་པོ་ཡིན། ངས་མུ་མཐུད་དེ་ཀྲུའུ་ཞི་ཞི་ཅིན་ཕིང་དང་འབྲེལ་བ་ཟབ་མོ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ཨ་ཀྲུང་འབྲེལ་བ་འཕེལ་རྒྱས་གཏིང་ཟབ་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་འབྲེལ་རྒྱལ་སྤྱིའི་ལས་དོན་ཁྲོད་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་དེ་བས་དམ་ཟབ་ཡོང་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཀྲུང་ཨའི་ཕྱི་འབྲེལ་བདེ་འཇགས་ཀྱི་གླེང་མོལ་དང་། ཕྱོགས་ཡོངས་ཀྱི་དཔལ་འབྱོར་གླེང་མོལ། སྤྱི་ཚོགས་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་གླེང་མོལ། ཁྲིམས་འཛིན་དང་དྲ་རྒྱའི་བདེ་འཇགས་ཀྱི་གླེང་མོལ་བཅས་མཐོ་རིམ་གླེང་མོལ་ལམ་སྲོལ་བཞི་ཡི་ཕྱོགས་གཉིས་པོའི་སྣེ་ཁྲིད་མི་སྣའི་སྙན་སེང་གསན་པ་དང་འབྲེལ་ཀྲུང་ཨའི་ཁྱབ་ཁོངས་ཁག་གི་སྤེལ་རེས་མཉམ་ལས་ཟབ་ཏུ་གཏོང་རྒྱུའི་ཐད་མཛུབ་ཁྲིད་རང་བཞིན་གྱི་དགོངས་འཆར་ཡང་བཏོན་པ་རེད།

      ཞི་ཅིན་ཕིང་གིས་ནན་གསུང་གནང་དོན། མཐོ་རིམ་གླེང་མོལ་ལམ་སྲོལ་བཞི་འཛུགས་རྒྱུ་ནི་ང་དང་ཙུང་ཐུང་ཐེ་རོན་ཕུ་མཚོ་མཚེའུ་གཞིས་ཀར་ཐུག་འཕྲད་གནང་སྐབས་བཏོན་པའི་འཐབ་ཇུས་གཏན་འབེབས་ཤིག་ཡིན་པ་དེས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་འདེགས་སྐྱོར་གྱི་ནུས་པ་གལ་ཆེན་ཐོན་ཡོད། མཐོ་རིམ་གླེང་མོལ་བཞིས་སྤྱི་ཡོངས་རང་བཞིན་དང་འཐབ་ཇུས་རང་བཞིན་གྱི་ཤུགས་རྐྱེན་ལྡན་པའི་གནད་དོན་གལ་ཆེན་གཅིག་སྡུད་བྱེད་པ་དང་། མཉམ་ལས་ཀྱི་ལས་དོན་ཁག་ཏན་ཏིག་བསྒྲུབས་པ། ཐུན་མོང་གི་ཁེ་ཕན་རྒྱ་ཆེར་གཏོང་བ། འགོག་རྐྱེན་གྱི་རྒྱུ་རྐྱེན་འཕྲལ་དུ་དང་འོས་འཚམ་ངང་སེལ་བ་བཅས་བྱས་ནས་ཀྲུང་ཨའི་འབྲེལ་བ་བརྟན་དུ་གཏང་རྒྱུའི་རེ་བ་ཡོད། 

       ཞི་ཅིན་ཕིང་གིས་བསྟན་དོན། ཕྱི་འབྲེལ་བདེ་འཇགས་ཁྱབ་ཁོངས་དེ་ཀྲུང་ཨའི་འབྲེལ་བའི་སྤྱི་ཡོངས་ཀྱི་འཕེལ་རྒྱས་དང་རྒྱལ་ཁབ་གཉིས་ཀྱི་འཐབ་ཇུས་ཐད་ཀྱི་ཕན་ཚུན་ཡིད་ཆེས་ཀྱི་ཆུ་ཚད་དང་འབྲེལ་བ་ཡོད། ཕྱོགས་གཉིས་པོས་རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གིས་གཏན་ལ་འཁེལ་བའི་ཁ་ཕྱོགས་ལ་གཞིགས་ནས་ཀྲུང་ཨའི་འབྲེལ་བའི་འཕེལ་རྒྱས་ཀྱི་ལམ་ཐིག་དཔེ་རིས་འཆར་འགོད་བྱས་ཏེ་ཚོར་སྐྱེན་གྱི་གནད་དོན་གལ་ཆེན་ཐད་ཡིད་ཆེས་བྱེད་ཚད་ཟབ་ཏུ་གཏོང་བ་དང་དོགས་གཞི་སེལ་དགོས། ཐའེ་དབན་གྱི་གནད་དོན་ནི་ཀྲུང་ཨའི་འབྲེལ་བའི་ནང་གི་གལ་འགངས་ཆེ་ཤོས་དང་ཚོར་སྐྱེན་ཆེ་ཤོས་ཀྱི་སྲོག་ཤིང་གི་གནད་དོན་ཡིན་ལ། ཀྲུང་ཨའི་འབྲེལ་བ་དང་འབྲེལ་བ་ཡོད་པའི་ཆབ་སྲིད་ཀྱི་རྨང་གཞི་ཡང་ཡིན།

        ཨ་རི་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་མུ་མཐུད་བསྲུངས་ནས་ཀྲུང་ཨའི་འབྲེལ་བའི་སྤྱི་ཡོངས་ལ་འགོག་རྐྱེན་མི་འཕྲད་སྔོན་འགོག་བྱ་རྒྱུའི་རེ་བ་ཡོད། དམག་དཔུང་གཉིས་ཀྱི་འབྲེལ་བ་ནི་ཀྲུང་ཨའི་འབྲེལ་བ་བརྟན་པོ་ཡོང་བའི་མཐུན་རྐྱེན་དུ་འགྱུར་བ་བྱེད་དགོས། ཞི་བདེ་རྒྱ་མཚོ་ཆེ་མོ་མུ་མཐའ་བྲལ་བས་ཀྲུང་ཨ་རྒྱལ་ཁབ་གཉིས་གཤོང་ཐུབ། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་ཀྲུང་ཨའི་ཐུན་མོང་ཁེ་ཕན་དེ་འགལ་ཟླ་ལས་ཆེ་བ་ཡོད་པ་དང་ཕྱོགས་གཉིས་པོས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་ས་ཁུལ་དུ་མཉམ་ལས་ཧུར་ཐག་བྱས་ཏེ་ས་ཁུལ་དང་རྒྱལ་ཁབ་དེ་བས་མང་པོ་ཀྲུང་ཨ་རྒྱལ་ཁབ་གཉིས་ཀྱི་ཐུན་མོང་གྲོགས་ཚོགས་ནང་འཇུག་ཐུབ་པ་བྱས་ཏེ་མཉམ་དུ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་ཞི་བདེ་དང་། བརྟན་ལྷིང་། གྲ་རྒྱས་བཅས་ཡོང་རྒྱུར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་འབུལ་དགོས།

         ཞི་ཅིན་ཕིང་གིས་བསྟན་དོན། དཔལ་འབྱོར་མཉམ་ལས་ནི་ཀྲུང་ཨའི་འབྲེལ་བ་བརྟན་དུ་གཏོང་བའི་ལག་ཆ་དང་གྲུ་གནོན་བརྟན་རྡོ་ཞིག་ཡིན། ཀྲུང་ཨའི་དཔལ་འབྱོར་ཚོང་དོན་འབྲེལ་བའི་ངོ་བོ་ནི་གཉིས་ཁེ་གཉིས་ཕན་ཡིན་པ་དང་། ཕྱོགས་གཉིས་པོའི་དཔལ་འབྱོར་ཚོང་དོན་མཉམ་ལས་ཀྱིས་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཁེ་ཕན་ཆེན་པོ་བསྐྲུན་ཐུབ། ཀྲུང་གུང་ཚོགས་ཆེན་བཅུ་དགུ་པའི་ཐོག་གཏན་ལ་འཁེལ་བའི་འཐབ་ཇུས་བཀོད་སྒྲིག་གཞིར་བཟུང་། ང་ཚོས་ཕྱོགས་ཡོངས་སྒོ་འབྱེད་ཀྱི་རྣམ་པ་གསར་པ་ཆགས་རྒྱུར་སྐུལ་འདེད་བཏང་སྟེ་ཆུ་ཚད་མཐོ་བའི་ཚོང་དོན་དང་མ་འཇོག་རང་མོས་ཅན་དང་སྟབས་བདེ་ཅན་གྱི་སྲིད་ཇུས་ལག་བསྟར་བྱ་རྒྱུ་ཡིན། རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཚོང་དོན་མཉམ་ལས་རྒྱ་ཆེར་གཏོང་བ་དང་ཀྲུང་ཨའི་དཔལ་འབྱོར་ཚོང་དོན་འབྲེལ་བ་སྔར་བས་འགུལ་རྣམ་དོ་སྙོམས་དང་གཉིས་ཁེ་གཉིས་ཕན་གྱི་ཕྱོགས་སུ་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད། ཕྱོགས་གཉིས་པོས་དུས་མཚམས་རྗེས་མའི་དཔལ་འབྱོར་ཚོང་དོན་མཉམ་ལས་འཆར་གཞི་སྔ་ཙམ་བཟོ་བ་དང་ལག་བསྟར་བྱས་ཏེ་ཀྲུང་ཨའི་དཔལ་འབྱོར་ཚོང་དོན་མཉམ་ལས་གཞི་ཁྱོན་དེ་བས་ཆེ་བ་དང་། ཆུ་ཚད་དེ་བས་མཐོ་བ། ཁྱབ་ཁོངས་དེ་བས་ཡངས་པ་བཅས་ཀྱི་ཕྱོགས་སུ་བསྐྱོད་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་། ཕྱོགས་གཉིས་པོས་སྤྱི་ཁོག་དཔལ་འབྱོར་སྲིད་ཇུས་སྦྲེལ་མཐུད་མཐུན་སྦྱོར་ཡོང་རྒྱུར་ཤུགས་སྣོན་རྒྱག་དགོས། ནུས་རྒྱུ་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། “རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་སོགས་ཁྱབ་ཁོངས་ཀྱི་དངོས་གཉེར་མཉམ་ལས་རྒྱ་ཆེར་གཏོང་བ་དང་ཕྱིར་གཏོང་ཚད་བཀག་ལྷུག་ཏུ་གཏོང་བ་དང་། ཁྲོམ་རའི་འཇུག་འཐུས་རྒྱ་ཆེར་གཏོང་བ། དེ་བས་ལེགས་པའི་སྒོ་ནས་ཚོང་གཉེར་གྱི་ཁོར་ཡུག་གཏོད་རྒྱུ་སོགས་ཐད་ཕྱོགས་གཉིས་པོར་གྲུབ་འབྲས་དེ་བས་མང་པོ་ཐོབ་རྒྱུར་སྐུལ་འདེད་གཏོང་དགོས། ཕྱོགས་གཉིས་པོས་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་དང་། འཛམ་གླིང་དངུལ་ཁང་། རྒྱལ་ཁབ་ཉི་ཤུ་ཚོགས་པ། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་སོགས་ཕྱོགས་མང་ལམ་སྲོལ་ནང་གི་མཐུན་སྦྱོར་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་མཉམ་དུ་འཛམ་གླིང་དཔལ་འབྱོར་སྐྱེ་སྟོབས་འཕེལ་བ་དང་རྒྱུན་མཐུད་དང་། དོ་སྙོམས། བསྟུན་མཁས་བཅས་ཀྱི་སྒོ་ནས་འཕར་རྒྱུར་སྐུལ་འདེད་གཏོང་དགོས།

        ཞི་ཅིན་ཕིང་གིས་བསྟན་དོན། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་བྱ་རྒྱུ་དེ་ནི“མི་རབས་སྔོན་མས་ཤིང་སྡོང་བཙུགས། མི་རབས་རྗེས་མ་བསིལ་གྲིབ་སྤྱོད་པའི”ཡུན་རིང་གི་བྱ་གཞག་ཅིག་ཡིན་པ་དེ་ཀྲུང་ཨའི་འབྲེལ་བ་ཡུན་རིང་འཕེལ་རྒྱས་འགྲོ་རྒྱུ་དང་འབྲེལ་བ་ཡོད་པའི་རྨང་གཞི་ཞིག་རེད། ཕྱོགས་གཉིས་པོས་ཀྲུང་ཨ་ཕྱོགས་གཉིས་ཀྱི་ཕྱི་སྦྱོང་སློབ་མ་དང་། ན་གཞོན། རིག་གནས་སྤེལ་རེས་བཅས་ཀྱི་མཉམ་ལས་ལས་དོན་དོན་འཁྱོལ་ཡག་པོ་བྱེད་པ་དང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་དབར་ཕན་ཚུན་ཤེས་རྟོགས་དང་མཛའ་གྲོགས་ཟབ་ཏུ་བཏང་སྟེ། ཀྲུང་ཨའི་འབྲེལ་བ་རྒྱུན་མཐུད་འཕེལ་རྒྱས་འགྲོ་ཆེད་རྒྱུན་ཆད་མེད་པར་གསོན་ཤུགས་སྣོན་དགོས།

        ཞི་ཅིན་ཕིང་གིས་ཁྲིམས་འཛིན་དང་དྲ་རྒྱའི་བདེ་འཇགས་ནི་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་བདེ་འཇགས་ཚོར་སེམས་དང་བདེ་སྐྱིད་ཚོར་སེམས་ལ་འབྲེལ་བ་ཡོད་པས་དེ་ནི་ཀྲུང་ཨའི་མཉམ་ལས་ཀྱི་ཁྱབ་ཁོངས་གལ་ཆེན་ཞིག་རེད། ཕྱོགས་གཉིས་པོས་བྲོས་འདེད་དངུལ་འདེད་དང་། དུག་འགོག ལྐོག་བྲོས་ཀྱི་ཁྲིམས་འགལ་མི་སྣ་རྩིས་སྤྲོད། དྲ་རྒྱའི་ཉེས་གསོག་ལ་རྡུང་རྡེག་གཏོང་བ། དྲ་རྒྱའི་འཇིགས་རྒོལ། དྲ་རྒྱའི་བདེ་འཇགས་སྲུང་སྐྱོང་བཅས་ཀྱི་ཐད་མཉམ་ལས་དེ་བས་མང་བ་བྱ་རྒྱུའི་རེ་བ་ཡོད།

ཞི་ཅིན་ཕིང་གིས་ཕྱོགས་གཉིས་པོས་ཐུན་མོང་ཐོག་འབད་བརྩོན་བྱས་ནས་མཐོ་རིམ་གླེང་མོལ་ལམ་སྲོལ་བཞི་པོ་ཀྲུང་ཨའི་ཕན་ཚུན་ཡིད་ཆེས་ཟབ་ཏུ་གཏོང་བའི་མགྱོགས་འདེད་ཡོ་ཆས་དང་མཉམ་ལས་སྐྱེད་སྲིང་སྙོལ་ཆས། འགལ་ཟླ་དོ་དམ་ཚོད་འཛིན་གྱི་འཇམ་རྩི་བཅས་སུ་འགྱུར་བ་བྱས་ནས་ཀྲུང་ཨའི་འབྲེལ་བར་འཕེལ་རྒྱས་གསར་པ་དེ་བས་ཆེ་བ་ཐོབ་རྒྱུར་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

        ཐེ་རོན་ཕུས་ཨ་ཀྲུང་རྒྱལ་ཁབ་གཉིས་པོ་ནི་འཛམ་གླིང་ཐོག་གལ་ཆེའི་རྒྱལ་ཁབ་ཆེན་པོ་ཡིན་ལ་ཚོང་དོན་གྱི་རོགས་ཟླ་གལ་ཆེན་ཞིག་ཡིན། ཕྱོགས་གཉིས་པོར་རྒྱ་ཁྱབ་ཀྱི་ཐུན་མོང་གི་ཁེ་ཕན་དང་མཉམ་ལས་ཀྱི་མདུན་ལྗོངས་ཆེན་པོ་ལྡན་པས་གླེང་མོལ་དང་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུ་ནི་དགོས་ངེས་ཤིག་རེད། ཨ་རི་སྲིད་གཞུང་གིས་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་བསྟར་བྱ་རྒྱུ་མཐའ་འཁྱོངས་བྱ་རྒྱུ་ཡིན། ཨ་རི་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་པོའི་ཕྱི་འབྲེལ་བདེ་འཇགས་དང་། དཔལ་འབྱོར། སྤྱི་ཚོགས་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས། ཁྲིམས་འཛིན་དང་དྲ་རྒྱའི་བདེ་འཇགས་སོགས་ཁྱབ་ཁོངས་ཀྱི་རིམ་ཁག་གི་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་མུ་མཐུད་དུ་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་སྦྲེལ་མཐུད་མཐུན་སྦྱོར་བྱ་རྒྱུར་ཤུགས་སྣོན་རྒྱག་འདོད་ཡོད། ཁྲའོ་ཞན་ཕྱེད་གླིང་གི་ཉིང་རྡུལ་གནད་དོན་ཐད་བཏོན་པའི་ཀྲུང་གོ་སྲིད་གཞུང་གི་གལ་ཆེའི་ནུས་པར་ཨ་རི་ཕྱོགས་ཀྱིས་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་དང་མཉམ་ལས་བྱས་ནས་ཁྲའོ་ཞན་ཕྱེད་གླིང་དུ་ཉིང་རྡུལ་མེད་པའི་དམིགས་ཚད་མངོན་འགྱུར་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

         གྲོས་མོལ་གནང་སྐབས་རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཀྲུང་ཨ་ཕྱོགས་གཉིས་པོ་དང་ས་ཁུལ་དང་གོ་ལ་ཧྲིལ་པོའི་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུའི་ཐད་གྲུབ་འབྲས་གལ་ཆེན་དང་ཐུན་མོང་ངོས་འཛིན་མང་པོ་བྱུང་ཡོད་པ་རེད། ཕྱོགས་གཉིས་པོས་དཔལ་འབྱོར་ཚོང་དོན་དང་། མ་འཇོག ནུས་རྒྱུ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་ཆེར་བཏང་ནས་ཀྲུང་ཨའི་དཔལ་འབྱོར་མཉམ་ལས་ཀྱི་མར་གཟན་ཆེ་རུ་བཏང་ནས་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་གྱི་འབྲེལ་བ་མགྱོགས་མྱུར་འཕེལ་རྒྱས་འགྲོ་བའི་བརྒྱུད་རིམ་ནང་ཐོན་པའི་གནད་དོན་དང་འགལ་ཟླ་ཐག་གཅོད་བྱ་རྒྱུ་དང་། དྲ་རྒྱའི་བདེ་འཇགས་དང་། བྲོས་འདེད་དངུལ་འདེད། ལྐོག་བྲོས་ཀྱི་ཁྲིམས་འགལ་མི་སྣ་ཕྱིར་སྤྲོད་བྱ་རྒྱུ། དུག་འགོག་སོགས་ཀྱི་ཁྱབ་ཁོངས་མཉམ་ལས་ལ་མུ་མཐུད་ཤུགས་སྣོན་རྒྱག་རྒྱུ། ཐུན་མོང་ཐོག་འབད་བརྩོན་བྱས་ནས་ཀྲུང་ཨའི་ཕྱོགས་གཉིས་ཀྱི་ཕྱི་སྦྱོང་ལ་སྐུལ་འདེད་བཏང་ནས་སློབ་གསོ་དང་། ཚན་རྩལ། རིག་གནས། འཕྲོད་བསྟེན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུར་མོས་མཐུན་གནང་བ་རེད།

          ཕྱོགས་གཉིས་པོས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་ས་ཁུལ་གྱི་ཞི་བདེ་དང་། བརྟན་ལྷིང་། གྲ་རྒྱས་བཅས་ལ་སྐུལ་འདེད་གཏོང་རྒྱུར་གཞོལ་རྒྱུ་དང་། རྒྱལ་སྤྱིའི་ཉིང་རྡུལ་མི་མཆེད་པའི་མ་ལག་སྲུང་སྐྱོང་བྱ་རྒྱུར་གཞོལ་རྒྱུ། ཁྲའོ་ཞན་ཕྱེད་གླིང་དུ་ཉིང་རྡུལ་མེད་པའི་དམིགས་ཚད་མངོན་འགྱུར་བྱ་རྒྱུར་གཞོལ་རྒྱུ་བཅས་བསྐྱར་བསྒྲགས་བྱས་པ་དང་། རྒྱལ་ཁབ་གཉིས་པོས་གླེང་མོལ་དང་གྲོས་མོལ་བྱེད་པ་བརྒྱུད་ནས་མཐར་ཁྲའོ་ཞན་ཕྱེད་གླིང་གི་ཉིང་རྡུལ་གནད་དོན་ཐག་གཅོད་ཐད་ཐུན་མོང་དམིགས་ཚད་འགྲུབ་པ་དང་ཕྱོགས་གཉིས་པོས་ནུས་ཤུགས་ཡོད་རྒུས་ཕྱེད་གླིང་གི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་ལ་གཞོལ་རྒྱུ་ཡིན་ལུགས་ནན་བཤད་བྱས་ཡོད།

         གྲོས་མོལ་ཚར་རྗེས་རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་མཉམ་དུ་ནུས་རྒྱུ་དང་། བཟོ་སྐྲུན་ལས་རིགས། ཞིང་ལས། མཁའ་འགྲུལ། གློག་ཤུགས། རླངས་འཁོར་སོགས་ཁྱབ་ཁོངས་ཀྱི་ཚོང་ལས་གན་རྒྱ་དང་ཕྱོགས་གཉིས་ཀྱི་མ་འཇོག་གྲོས་མཐུན་ཡི་གེར་མིང་རྟགས་བཀོད་པར་དཔང་པོ་གནང་བ་རེད། ཙུང་ཐུང་ཐེ་རོན་ཕུས་ཀྲུང་གོར་འཚམས་འདྲི་གནང་རིང་རྒྱལ་ཁབ་གཉིས་པོས་མིང་རྟགས་བཀོད་པའི་ཚོང་ལས་གན་རྒྱ་དང་ཕྱོགས་གཉིས་མ་འཇོག་གྲོས་མཐུན་གྱི་དངུལ་འབོར་ཨ་སྒོར་དུང་ཕྱུར་2500ལྷག་ཙམ་ཟིན་ཡོད།

གྲོས་མོལ་མ་གནང་གོང་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོའི་ཤར་སྒོའི་ཕྱི་རོལ་ཐང་ཆེན་དུ་ཐེ་རོན་ཕུར་དགའ་བསུ་ཞུ་བའི་མཛད་སྒོ་འཚོགས་ཤིང་། ཀྲུའུ་ཞི་ཞི་ཅིན་ཕིང་གི་སྐུ་ཟླ་ཕེང་ལི་ཡོན་དང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུའུ་ལི་གཞོན་པ་དབང་དབྱང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། ཀྲུང་དབྱང་གཞུང་དོན་ཐིང་གི་ཀྲུའུ་རེན་བཅས་ཡིན་པའི་ཏེང་ཤོད་ཞང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཝང་ཁྲེན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཀྲུང་དབྱང་ནོར་དཔལ་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གི་ཀྲུའུ་རེན་ལེའུ་ཧོ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིའུ་ཡན་ཏུང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་རྒྱལ་དོན་ཨུ་ཡོན་དབྱང་ཅེ་ཁྲེ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། རྒྱལ་དོན་ཨུ་ཡོན་བཅས་ཡིན་པའི་ཀའོ་ཧྲེང་ཁུན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཏུང་ཅན་ཧྭ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དབན་ཀང་སོགས་ཞུགས་ཡོད་པ་རེད།


  • ལེ་ཚན་སྔོན་མ།:རང་རྒྱལ་གྱིས་བཟོས་པའི་མི་མེད་ཐད་འཕུར་གནམ་གྲུ་མཚོ་འཕགས་སྨི5000སར་འཕུར་བའི་ཟིན་ཐོ་བཀོད།
  • ལེ་ཚན་རྗེས་མ།:སི་ཁྲོན་གྱིས་སློབ་གསོའི་དབུལ་སྐྱོར་ལ་བརྟེན་ནས་དབུལ་པོ་རྒྱུད་རབས་བཅད་གྲབས་ཡོད།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10