མཐོ་སྒང་ཉེན་མེད་ཡུལ་དུ་ཁྱིམ་གཞིས་གསར་པ་བསྐྲུན།

ཀུན་དགས་བསྒྱུར།        2017-11-13


      ཟླ་བ9པའི་ཚེས10ཉིན། སི་ཁྲོན་ཚགས་པར་ཁང་གི་གསར་འགོད་པ་ཚོ་མཚོ་འཕགས་སྨི4411ཡོད་པའི་ཉི་སྟེན་གནམ་ཐང་དུ་སླེབས་མ་ཐག་རང་ཉིད་མཐོ་སྒང་དུ་སླེབས་པའི་མྱོང་ཚོར་ཞིག་ངང་ངམ་ཤུགས་ཀྱིས་སྐྱེས། ཡིན་ནའང་ཁོ་ཚོ་ད་ཐེངས་འགྲོ་སའི་དམིགས་ཡུལ་ནི་མཚོ་འཕགས་སྨི2580ཡོད་པའི་དཀར་མཛེས་ཁུལ་གྱི་འབའ་ཐང་རྫོང་ཡིན་པ་རེད། འབའ་ཐང་རྫོང་ལ་འབའ་ནོར་བུའི་ས་ཆ་ཞེས་པའི་མཚན་སྙན་ཐོབ་ཡོད་ཀྱང་འདི་ནའི་ས་བབ་ཆགས་ཚུལ་དང་རང་བྱུང་ཆ་རྐྱེན་སོགས་ཞན་པའི་རྐྱེན་གྱིས་གཅིག་སྡུད་ཡུག་འབྲེལ་གྱི་དབུལ་ཕོངས་ཚད་གཞི་ཅུང་གཟབ་པའི་རྒྱལ་ཁབ་རིམ་པའི་དབུལ་ཕོངས་རྫོང་གྲས་སུ་བཞག་ཡོད་ཅིང་། འབའ་ཐང་རྫོང་ལ་ཁྲེང་ཏུའུ་གྲོང་ཁྱེར་ཧྲོང་ལིའུ་ཆུས་ཀྱིས་ཁ་གཏད་རོགས་སྐྱོར་བྱས་ནས་ལོ6འགོར་བ་རེད།

      ས་རྒྱུ་ཞན་པའི་ཕ་ཡུལ་དང་གྱེས་པ།

      འདི་ནར་འབྲི་ཆུ་སྔོན་མོ་ལང་ལོང་དུ་ཕྱུར་བ་དང་གཡང་གཟར་རི་བོ་དགུང་ལ་ཟུག་ཡོད་ཅིང་། རི་སྐེད་ཀྱག་ཀྱོག་མང་བའི་བགྲོད་ལམ་ཐོག་ཏུ་རླངས་འཁོར་དལ་བུའི་ངང་ནས་བསྐྱོད་བཞིན་མཆིས། བོད་སྐྱོར་ལས་བྱེད་པ། ཁྲེང་ཏུའུ་གྲོང་ཁྱེར་ཧྲོང་ལིའུ་ཆུས་དྲིལ་བསྒྲགས་པུའུ་རིག་གནས་སྤེལ་རེས་ཚན་ཁག་གི་འགོ་འཛིན་པ། ད་སྐབས་འབའ་ཐང་རྫོང་ཨུའི་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པའི་གནས་སྐབས་འགན་བཞེས་བཞིན་ཡོད་པའི་ཧན་གོ་ལིའང་གིས་རང་ཉིད་ཟླ་བ5པར་འབའ་ཐང་རྫོང་རྡོ་གཞོང་ཤང་དུ་བརྟག་ཞིབ་བྱེད་སྐབས་ཀྱི་འགྲོ་ལམ་གནས་ཚུལ་ལ་ཕྱིར་དྲན་ཞིག་བྱས་དུས་སྔར་བཞིན་སེམས་སུ་སྐྲག་སྣང་སྐྱེས་པ་རེད། རྫོང་མཁར་དང་སྤྱི་ལེ130ལྷག་རྒྱང་བའི་ས་གནས་དེར་འགྲིམ་འགྲུལ་མི་བདེ་བས་རླངས་འཁོར་ལ་བསྡད་ན་ཉུང་མཐར་ཡང་ཆུ་ཚོད5ཙམ་བསྐྱོད་དགོས་པ་རེད། ས་རྒྱུ་ཞན་པ་དང་ཐན་པ་མང་བས་ལོ་རེ་བཞིན་མི་སེར་ཚོའི་འཚོ་བ་དང་གང་ཅིའི་ཐད་གནོད་འཚེ་ཐེབས་བཞིན་ཡོད་ཅིང་། རྡོ་གཞོང་ཤང་གི་རྒྱ་ཤོད་གྲོང་སྡེ་དང་བང་བ་ཤོག་གྲོང་སྡེ། ནང་གྲོང་ཚོ་གྲོང་སྡེ་གསུམ་ལ་ས་གཤིས་གནོད་འཚེའི་དབང་གིས་ཁང་པ་མང་པོར་གས་སྲུབས་བྱུང་ཡོད་པས་བོད་སྐྱོར་ལས་བྱེད་པ་དང་ས་གནས་དེ་གའི་དཔོན་རིགས་ཚང་མའི་སེམས་སུ་འདི་ནའི་ས་ཆུ་ལ་བརྟེན་ནས་འཚོ་བ་རོལ་མི་ཐུབ་པ་སྙམ།

   ཤང་ཀྲང་བསྟན་འཛིན་རྣམ་རྒྱལ་གྱིས་འདི་ནའི་མི་སེར་ཚང་མ་གནམ་ལ་བརྟེན་ནས་ཟ་མ་ཟ་བཞིན་ཡོད།  ཟླ་བ་བཞི་པ་དང་ལྔ་པའི་བར་དབྱར་རྩྭ་དགུན་འབུ་རྐོ་བ་དང་། ཟླ་བ་བརྒྱད་པ་དང་དགུ་པའི་ནང་ལ་བེ་ཤ་འཐུ་བ་རེད། ན་ནིང་གྲོང་སྡེ་གསུམ་གྱི་དུད་ཚང44ཡི་གྲོང་མི་ཚོས་མི་རེར་ལོ་རེའི་ཆ་སྙོམས་ཡོང་འབབ་སྒོར3000ལས་རག་མེད་ཅེས་ཟེར།

      2016ལོའི་ཟླ་བ8པར། འབའ་ཐང་རྫོང་གིས་གནས་སྤོ་དབུལ་སྐྱོར་དང་ས་གཤིས་གནོད་འཚེ་ལས་གཡོལ་བའི་གནས་སྤོ་སྲིད་ཇུས་དང་ཟུང་འབྲེལ་བྱས་ནས་སྡེ་བ་གསུམ་གྱི་དུད་ཚང119ཡི་མི595འབའ་ཐང་རྫོང་གྲོང་དང་ཉེ་བའི་ས་ཞིང་མུའུ་ཁྲི230ལྷག་ཡོད་པའི་སྟེང་ལ་སྤོས་པ་རེད།

      སྤོ་བསྐོར་གཤིས་གྲོང་ཡང་གོང་གི་སྡེ་བ་དང་འདྲ་བ་ད་བར་དུ་གློག་ཤར་གཏོང་ཐུབ་མེད་པ་དང་། འཐུང་ཆུའང་སྤྱི་ལེ་གཉིས་ཙམ་གྱི་རིང་ནས་ལེན་སར་འགྲོ་དགོས་པས་ད་ཆར་སྤོ་བསྐོར་གཤིས་གྲོང་ཡང་གནས་སྤོ་ལས་དོན་གྱི་གྲོས་རིམ་དུ་བཞག་ཟིན་པ་དང་རྫོང་གྲོང་གི་ཉེ་འདབས་སུ་སྤོ་གནས་ཀྱང་བདམས་ཟིན་པ་རེད།

ཡུལ་སྐོར་གྲོང་གསར་ལ་རེ་སྒུག་བྱས།

      དུས་རིམ་རྗེས་མར་འབའ་ཐང་རྫོང་གིས་གནས་སྤོ་དུད་ཚང119ཡི་ཁང་རྒྱབ་ཏུ་སྟར་ཀ་དང་ཀུ་ཤུ། ཁམ་བུ་སོགས་ཀྱི་སྡོང་བོ་མུའུ23འདེབས་འཛུགས་བྱས་ནས་ཁམ་བུའི་ཐོན་ལས་དང་རང་ཡུལ་རིག་གནས་ཀྱི་ཁྱད་ཆོས་ལྡན་པའི་ཡུལ་སྐོར་གྲོང་གསར་ཞིག་བསྐྲུན་རྒྱུ་ཡིན་པ་རེད།

    ན་ལོའི་ཟླ་བ8པར་ཧྲོང་ལིའུ་ཆུས་ཀྱིས་མ་དངུལ་སྒོར་ཁྲི2380བཏང་ནས་གནས་སྡོད་ས་ཚུགས་སུ་གྲོང་པའི་དོ་དམ་གྱི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད།   ཐོན་ལས་འཕེལ་རྒྱས་ཀྱི་མ་ལག་སྒྲིག་བཀོད་སོགས་འཛུགས་སྐྲུན་གང་ལེགས་བྱས་ཡོད་ཅིང་།   ཁྲེང་ཏུའུ་གྲོང་ཁྱེར་ཧྲོང་ལིའུ་ཆུས་ཁ་གཏད་རོགས་སྐྱོར་གྱི་ལས་དོན་བཀོད་འདོམས་པུའུ་ཡི་སྡོད་ཁང་འགན་ལེན་ཚོ་ཆུང་གི་འགོ་འཛིན། འབའ་ཐང་རྫོང་དབུལ་སྐྱོར་གནས་སྤོ་ཡུལ་མི་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཀྲའོ་ཕུའུ་ཡིས་འབའ་ཐང་རྫོང་དུ་ད་དུང་དབྱར་གནས་དུས་ཆེན་དང་འབའ་གཞས།  དམག་སྡེ་བཅོ་བརྒྱད་པ་བོད་དུ་བསྐྱོད་པ་སོགས་ཀྱི་ཡུལ་སྐོར་ཐོན་ཁུངས་ཡོད་ལ།  ད་དུང་དགེ་བསྙེན་གནས་རི་དང་མཚེའུ་སྤུན་གཉིས།  མཚོ་ཕུ་ལུང་པ་སོགས་རང་བྱུང་གི་མཛེས་ལྗོངས་མང་བས་དེ་དག་ཡང་གསར་སྤེལ་བྱེད་ཆོག་པ་རེད་ཅེས་བཤད།   

     རྗེས་ལུས་ཀྱི་རྣམ་པ་བསྒྱུར་བ།

      ཟླ་བ9པའི་ཚེས10ཉིན་གྱི་ཕྱི་དྲོར། གསར་འགོད་པ་འབའ་ཐང་རྫོང་བྱ་ཁྱུང་གྲོང་རྡལ་རྒྱ་སྤང་སྟེང་གྲོང་ཚོའི་ཉི་མ་ཚང་དུ་སོང་སྐབས། མིག་ལམ་དུ་མཐོང་བ་ནི་བོད་ལུགས་ཁང་དམར་ནང་གི་བཟོ་བཀོད་མཛེས་ལ་སྒྲིག་ཆས་ཚང་བའི་རྣམ་པ་ཡིན་ཞིང་། གྲོང་ཚོར་བཅའ་སྡོད་བྱེད་པའི་ཧྲུའུ་ཅི་དང་པོ་བློ་བཟང་བསྟན་འཛིན་གྱིས་འབའ་ཐང་རྫོང་གིས་བཅོས་བསྒྱུར་ལྔ་ཡི་མཛེས་འགྱུར་བྱ་སྤྱོད་མ་སྤེལ་གོང་གི་འདྲ་པར་རྙིང་པ་ཞིག་ཁྱེར་ནས་བཅོས་བསྒྱུར་རྗེས་ཀྱི་རྣམ་པ་དང་བསྡུར་བཞིན་འདུག བཅོས་བསྒྱུར་ལྔ་ཡི་མཛེས་འགྱུར་ལས་གཞི་ནི་ཐབ་ཚང་བཅོས་བསྒྱུར་དང་གསང་སྤྱོད་ཁང་བཅོས་བསྒྱུར། ཕྱུགས་ར་བཅོས་བསྒྱུར། ཁང་པ་བཅོས་བསྒྱུར། གློག་བཅོས་བསྒྱུར། སྒོ་ར་བཅོས་བསྒྱུར་བཅས་ཡིན་པས་དེ་དག་བཅོས་བསྒྱུར་བྱས་རྗེས་གྲོང་སྡེའི་རྣམ་པ་ལ་གནམ་ས་བླ་འོག་ལྟ་བུའི་ཁྱད་པར་བྱུང་ཡོད་པ་རེད།

      ཀྲའོ་ཕུའུ་ཡིས་ད་ལོར་དབུལ་ཕོངས་དུད་ཚང666ལ་བཅོས་བསྒྱུར་ལྔའི་ལས་གཞི་སྤེལ་རྒྱུ་ཡིན་པ་རེད། བཅོས་བསྒྱུར་དེ་བས་ཆ་ཚང་དང་ཞིབ་ཚགས་ཡོང་ཆེད། བཅོས་བསྒྱུར་ལྔའི་ལས་གཞི་ཆུང་གྲས19དང་མཛེས་བཟོ་ཐད་ལས་གཞི་ཆུང་གྲས11ལ་ཕྱེས་ནས་ལས་རྒྱུ་ཡིན་པ་དང་། གྲོང་མི་ཚོས་རང་རང་གི་རེ་འདུན་ལྟར་ལས་གཞི་བདམས་ནས་བཅོས་བསྒྱུར་བྱ་ཆོག་པ་དང་། གཞི་རྩའི་ཐོག་སྲིད་གཞུང་གིས་འགྲོ་སོང་གི་བརྒྱ་ཆ90ཙམ་ཁ་གསབ་བྱ་རྒྱུ་ཡིན་ལ་དུད་ཚང་རེར་ཆ་སྙོམས་སྒོར་ཁྲི་བཞིའི་ཁ་གསབ་འཐོབ་ཐུབ་པ་རེད་ཅེས་བཤད་དོ།།


  • ལེ་ཚན་སྔོན་མ།:སངས་རྒྱས་ཉི་མར་རྒྱལ་ཡོངས་ཀྱི་ཕུལ་དུ་བྱུང་བའི་གཞི་རིམ་གྱི་རིགས་གཞུང་སྒྲོག་འགྲེལ་པའི་མཚན་སྙན་ཐོབ།
  • ལེ་ཚན་རྗེས་མ།:ཐུན་མོང་དུ་ཀྲུང་གོའི་མཛའ་གཞས་འདུ་ཚོགས་བསྐྲུན་ནས་མཛའ་གཞས་ཀྲུང་གོ་ཞེས་པའི་རིག་གནས་ཐོན་ལས་ཀྱི་འབྲེལ་ཐག་གྲུབ་པ།།
  • དོ་སྣང་ཆེ་བའི་རྩོམ།