ཕྱག་ཕྲེང་རྫོང་གིས་རྒྱལ་སྤྱིའི་སྤྲོ་གསེང་ཡུལ་སྐོར་བྱ་ཡུལ་བསྐྲུན།

སྐལ་ཐུབ་དང་མཁས་གྲུབ་ཀྱིས་བསྒྱུར་ཞུས་བྱས།        2017-11-09

   ཕྱག་ཕྲེང་རྫོང་གིས་རྒྱལ་སྤྱིའི་སྤྲོ་གསེང་ཡུལ་སྐོར་བྱ་ཡུལ་བསྐྲུན།

   བོད་ཁང་དཀར་པོའི་སྒྱུ་རྩལ་གྱི་འབྱུང་ཡུལ།

    ཕྱག་ཕྲེང་རྫོང་ནི་ཡུན་ནན་སེམས་ཀྱི་ཉི་ཟླ་དང་འདབ་པའི་ཉི་སྟེན་བཅས་འཛམ་གླིང་རིམ་པའི་ཡུལ་སྐོར་གནས་མཆོག་གི་བར་དུ་ཆགས་ཤིང་། སི་ཁྲོན་དང་ཡུན་ནན་གྱི་སྐྱེ་ཁམས་ཡུལ་སྐོར་མུ་ཁྱུད་ཀྱི་ལྟེ་བར་གནས། རྫོང་དེའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ5016ཡོད་ཅིང་། མི་ཁྲི3.3གྱིས་མཛེས་སྡུག་དྭངས་གཙང་གི་གཞིས་ཁྱིམ་དྲོན་མོ་རུ་འཚོ་གནས་བྱེད་བཞིན་ཡོད། 

   འདི་ན་གནམ་གཤིས་དྲོ་གྲང་སྙོམས་ཤིང་། ནམ་མཁའ་སྔོ་ཞིང་དྭངས་པ་དང་།   དགུན་དུས་གྲང་ངར་ཆུང་ཞིང་དབྱར་དུས་ཚ་བས་མི་གདུང་བའི་གནས་མཆོག་ཅིག་ཡིན།

དེ་གའི་ཡུལ་ལྗོངས་ལྟ་ན་སྡུག་ཅིང་། དུས་བཞིའི་བཀྲག་མདངས་རྣམ་པར་འཚེར། གངས་རི་དང་སྤང་ལྗོངས། མཚེའུ་དང་རང་བྱུང་ཆུ་ཚན་ཀྱི་བཀོད་པ་ལྷག་ཏུ་མཛེས།

འདི་ན་འབྲུ་དྲུག་སྣ་ལྔས་ཞིང་ས་ཁེངས་ཤིང་། དཀར་དམར་ཤིང་ཏོག་གིས་རི་ལུང་འགེབས། དེ་བཞིན་རི་སྐྱེས་ཤ་མོ་དང་རྒྱ་བོད་སྨན་རྩྭ་སོགས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས།

འདི་ན་སྲོལ་རྒྱུན་རིག་གནས་ཕུན་སུམ་ཚོགས་པ་སྟེ། ཐང་ག་དང་འཇིམ་བརྙན། རྫ་སྣོད་དང་ཤིང་བརྐོས་སོགས་ཀྱི་ལག་རྩལ་དར་ལ། ཐུན་མོང་མིན་པའི་བུད་མེད་ཀྱི་རྒྱན་གོས་དང་ཁྱད་ཆོས་འབུར་དུ་ཐོན་པའི་བོད་ཁང་དཀར་པོ་སོགས་ཡོད།

   དེ་ལྟར་ཕྱག་ཕྲེང་རྫོང་ན་ཐོན་ཁུངས་ཕུན་སུམ་ཚོགས་པས་ཀྲུང་གོའི་བོད་རིགས་འདུས་སྡོད་ས་ཆ་མཛེས་ཤོས་དང་ཀྲུང་གོའི་བྱང་ཆུབ་ཤིང་གི་འབྱུང་ཡུལ། བོད་ཁང་དཀར་པོའི་སྒྱུ་རྩལ་གྱི་འབྱུང་ཡུལ།  བོད་ཀྱི་ཆེས་ལེགས་པའི་གྱོན་ཆས་ཡ་མཚན་ཅན་གྱི་གནས་མཆོག་སོགས་ཀྱི་མཚན་སྙན་ཡོད།

    ཟླ་བ10པའི་ཟླ་དཀྱིལ་དུ་སི་ཁྲོན་ཞིང་ཆེན་གྱི་སྐབས་བརྒྱད་པའི་གྲོང་གསེབ་རིག་གནས་ཡུལ་སྐོར་དུས་ཆེན་དང་ཕྱག་ཕྲེང་རྫོང་གི་སྐབས་དང་པོའི་བོད་ཁང་དཀར་གསོལ་དུས་ཆེན་གྱི་བྱེད་སྒོ་སྤེལ་བས་འཛམ་གླིང་སྐྱེ་བོ་ཀུན་ལ་ཕྱག་ཕྲེང་གི་ཡིད་དབང་འཕྲོག་པའི་མཛེས་སྡུག་གཅིག་བསྡུས་ཀྱིས་མངོན་པ་དང་། རྫོང་རང་གི་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཀྱི་ཐབས་ལམ་གསར་པ་ཞིག་ཏུ་བསྐྱོད་འགོ་ཚུགས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། འཕེལ་རྒྱས་ཆེན་པོ་ལྔའི་འདུ་ཤེས་དང་དམིགས་སུ་བཀར་ནས་ས་ཁོངས་ཡོངས་སུ་ཡུལ་སྐོར་འཕེལ་རྒྱས་གཏོང་བའི་འཐབ་ཇུས་བཀོད་སྒྲིག་ལག་ལེན་དོན་འཁྱོལ་གཏོང་ཆེད། ཕྱག་ཕྲེང་རྫོང་གིས་ཁྱད་འཕགས་ཐོན་ཁུངས་ལ་དམིགས་ཏེ་ནུས་ཤུགས་ཡོད་དགུས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་བཏང་བ་དེས་རྫོང་ཡོངས་ཀྱི་དབུལ་ཐར་འགག་སྒྲོལ་དང་མཆོང་བརྒལ་འཕེལ་རྒྱས། དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་བསྒྱུར་བ་བཅས་ཀྱི་གནད་འགག་ཐབས་ལམ་དུ་བྱ་རྒྱུའི་ཚད་འཇོག་བྱས་པར་མ་ཟད། རྒྱལ་སྤྱིའི་སྤྲོ་གསེང་ཡུལ་སྐོར་བྱ་ཡུལ་འཛུགས་པའི་དམིགས་འབེན་གཏན་འཁེལ་བྱས་པ་རེད།

རྫོང་དེའི་རྫོང་ཨུའི་ཧྲུའུ་ཅི་ཚའོ་ཅན་ཁུན་གྱིས་འཛམ་གླིང་དང་རང་རྒྱལ་གྱི་འཕེལ་རྒྱས་ཆུ་ཚད་དང་འགྲོ་ཕྱོགས་ལ་བལྟས་ན། ཡུལ་སྐོར་ནི་འཚོ་བའི་རྒྱུན་རྣམ་དུ་གྱུར་ཟིན་པས་ཡུལ་སྐོར་ཐོན་ལས་ཀྱི་མིག་རྒྱང་ཇེ་ཡངས་རེད། དེ་ནས་རང་ཁུལ་གྱི་དངོས་ཡོད་གནས་ཚུལ་ལ་བལྟས་ན་ཐུན་མོང་མ་ཡིན་པའི་ཡུལ་སྐོར་ཐོན་ཁུངས་ཡོད་པར་མ་ཟད། ཡུལ་སྐོར་ལས་རིགས་དེ་འཕེལ་རྒྱས་ཀྱི་འཐབ་ཇུས་སུ་ཚད་འཇོག་བྱས་ཟིན་པས་ཁུལ་ཡོངས་ཀྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཕྱིན་པའི་དུས་བཟང་ཤར་ཟིན་པ་རེད་ཅེས་བཤད་པ་རེད།

     ཕྱག་ཕྲེང་ལ་མཚོན་ན། གདོད་མའི་སྐྱེ་ཁམས་དང་གདོད་མའི་རིག་རྣམ། གདོད་མའི་ཡུལ་མི། གདོད་མའི་ཐོན་ཁུངས་བཅས་གཅིག་གྱུར་ཡིན་པའི་སྤུས་ཚད་མཐོ་བའི་ཡུལ་སྐོར་ཐོན་ཁུངས་ཡོད་ཅིང་། ས་ཁོངས་ཀྱི་ལེགས་ཆའི་ཐད་སི་ཁྲོན་དང་ཡུན་ནན་གྱི་ལྟེ་གནས་སུ་གནས་ཤིང་ཤམ་བྷ་ལའི་ཡུལ་སྐོར་རྒྱུད་ལམ་གྱི་ས་ཁུལ་གཙོ་བོར་གནས་ཡོད། མཚོ་འཕགས་དམའ་ཞིང་གནམ་གཤིས་ཡག་པ་སོགས་རང་བྱུང་གི་ཆ་རྐྱེན་ཤིན་ཏུ་ཡག་པོ་ཡོད་པ་རེད།

    དག་ཞིང་ཤམ་བྷ་ལ།

    ཕྱག་ཕྲེང་རྫོང་ཡུལ་སྐོར་སྡེ་ཚན་གྱི་འགན་ཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ཕྱག་ཕྲེང་གི་ཕྱིའི་མཚོན་རྟགས་ཏེ་ཞིང་སྡེའི་བོད་ཁང་དཀར་པོ་དང་ཕྱག་ཕྲེང་ཡུལ་སྐོར་གྱི་ཁྱད་ཆོས་ཏེ་དག་ཞིང་ཤམ་བྷ་ལ་ཞེས་པ་ནི་ཡུལ་སྐོར་ཚབ་མཚོན་གྱི་ཟོང་རྟགས་སུ་གྱུར་ཟིན་པ་རེད།

    དག་ཞིང་ཞེས་པ་ཕྱོགས་བཞིའི་ཐད་ནས་གོ་ཆོག་ཅིང་དང་པོ་ནི་སྐྱེ་ཁམས་ཀྱི་དག་ཞིང་སྟེ། ནུས་ཤུགས་ཡོད་དགུས་གདོད་མའི་སྐྱེ་ཁམས་སྲུང་སྐྱོང་བྱེད་ཅིང་། ཡུལ་སྐོར་འཕེལ་རྒྱས་གཏོང་བར་ལྗོངས་ཁུལ་ཅན་དང་ཚོང་ལས་ཅན། གླིང་ག་ཅན། གྲོང་རྡལ་ཅན་བཅས་ཀྱི་ལས་ལུགས་མེད་པར་བྱས་ཏེ་རྫོང་ཡོངས་ཀྱི་གངས་རི་དང་མཚོའུ། ནགས་རི་དང་ཞིང་སྡེ་བཅས་ལ་སྲུང་སྐྱོང་ཆེས་ཆེན་པོ་ཐེབས་པར་བྱས་ཐོག་ཡུལ་སྐོར་བ་ཚོར་ཕྱག་ཕྲེང་དུ་རང་བྱུང་གི་ཞིང་ཁམས་སུ་སླེབས་པའི་ཚོར་སྣང་སྟེར་ཐུབ་པ་པ་དེ་རེད།

    གཉིས་པ་རིག་གནས་ཀྱི་དག་ཞིང་སྟེ། ནུས་ཤུགས་ཡོད་དགུས་གདོད་མའི་རིག་རྣམ་སྲུང་སྐྱོང་བྱེད་ཅིང་། སྲུང་སྐྱོང་དང་བརྒྱུད་འཛིན་བྱ་རྒྱུ་དོ་སྣང་མཉམ་བྱེད་དང་སྲུང་སྐྱོང་སྔོན་དང་གསར་སྤེལ་རྗེས་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་རྫོང་ཡོངས་ཀྱི་བཟོ་སྐྲུན་དང་ཐང་ག གླུ་གར། རྒྱན་གོས། འཇིམ་བཟོ། ཤིང་བརྐོས་སོགས་རིག་གནས་སྒྱུ་རྩལ་སྔར་སྲོལ་མ་ཉམས་པའི་ཐོག་གསོན་ཤུགས་རྒྱས་སུ་བཅུག་སྟེ་ཡུལ་སྐོར་བ་རྣམས་ཕྱག་ཕྲེང་དུ་སླེབས་མ་ཐག་ཕྱག་ཕྲེང་གི་ལོ་རྒྱུས་དང་ཕྱག་ཕྲེང་མིའི་བསམ་པའི་འཁྱེར་སོ་ལ་མྱོང་ཚོར་བྱ་ཐུབ་པ་དེ་རེད།

    གསུམ་པ་ནི་མིའི་སེམས་ཀྱི་དག་ཞིང་སྟེ། ནུས་ཤུགས་ཡོད་དགུས་གདོད་མའི་ཡུལ་མིའི་གཤིས་སྤྱོད་མི་ཉམས་པར་བྱེད་ཅིང་། ཡུལ་སྐོར་འཕེལ་རྒྱས་ཀྱི་ཁྲོད་དུ་ཕྱག་ཕྲེང་གི་ཡུལ་མི་ཚོའི་དྭངས་གཙང་གི་སེམས་པ་དང་ཁ་འཆམ་མཐུན་གྲོགས།

    མགྲོན་དགའ་ཆེ་བ། རང་བྱུང་ལ་དགའ་བ་བཅས་ཀྱི་བསམ་པའི་འཁྱེར་སོ་དང་འཚོ་བའི་གནས་ཚུལ་མི་འགྱུར་བ་བྱ་རྒྱུ་དེ་རེད།

    བཞི་པ་ནི་ཐོན་སྐྱེད་ཀྱི་དག་ཞིང་སྟེ།ཐོག་མཐའ་བར་གསུམ་དུ་གདོད་མའི་ཐོན་ཁུངས་ལ་སྲུང་སྐྱོང་བྱེད་ཅིང་། ལྷད་མེད་ཐོན་སྐྱེད་དང་རང་བྱུང་ཐོན་སྐྱེད་བྱ་རྒྱུ་རྒྱུན་འཁྱོངས་ནས་ཡུལ་སྐོར་བ་ཚོས་ཕྱག་ཕྲེང་དུ་ཆེས་ལྷད་མེད་དང་ཆེས་སྤུས་དག་གི་ས་གནས་ཁྱད་རྫས་དང་ཡུལ་སྐོར་ཚོང་རྫས་འཛད་སྤྱོད་བྱ་ཐུབ་པ་དེ་རེད།

    ཕྱག་ཕྲེང་རྫོང་གི་རྫོང་དཔོན་ཧོང་ཅིན་གྱིས་གསར་འགོད་པར་མཛེས་ལྗོངས་མེད་པའི་ཡུལ་སྐོར་ལ་ཆོ་མེད་ཅིང་རིག་གནས་མེད་པའི་ཡུལ་སྐོར་ལ་སྙིང་པོ་མེད། ནུས་ཤུགས་ཡོད་དགུས་སྐྱེ་ཁམས་དང་མི་རིག་གི་ཁོར་ཡུག་སྲུང་སྐྱོང་བྱེད་པ་དང་། མི་རིགས་ཀྱི་རིག་གནས་ཐོན་ཁུངས་ཟབ་སྔོག་བྱ་རྒྱུ་ནི་ཕྱག་ཕྲེང་རྫོང་གིས་ཡུལ་སྐོར་འཕེལ་རྒྱས་གཏོང་བའི་རྩ་བའི་ཐབས་ལམ་དང་གཞི་རྩའི་སྔོན་འགྲོའི་ཆ་རྐྱེན་ཡིན་པ་རེད་ཅེས་བཤད་པ་རེད།

ཕྱག་ཕྲེང་རྫོང་གིས་ཡུལ་སྐོར་འཕེལ་རྒྱས་གཏོང་བའི་གཞི་རྩའི་ཇུས་འགོད་ནི་འདི་ལྟར་ཏེ། དཔལ་གྱིས་ཕྱུག་པའི་བོད་ཀྱི་ཞིང་སྡེ་དང་གདོད་མའི་གྲོང་སྡེས་རྨང་གཞི་བྱས་ཤིང་། སྤྲོ་གསེང་དང་མྱོང་རོལ་ཡུལ་སྐོར་གཙོ་བོར་གྱུར་པའི་ཡུལ་མིའི་འགྲུལ་ཁང་འཛུགས་པ་གཙོ་གཞིར་བཞག་པ་དང་། རང་བྱུང་མཛེས་ལྗོངས་དང་དམངས་སྲོལ་ཆོས་ལུགས། རི་ཀླུང་སྐོར་བགྲོད་སོགས་ལེ་ལག་ཏུ་བྱས་པ། ཕྱོགས་ཡོངས་དང་རིམ་པ་མང་པོ། ཁྱད་པར་ཡོད་པ། སོ་སོའི་ཁྱད་ཆོས་མངོན་པ། ངེས་གཏན་ཅན་བཅས་འཛོམས་པའི་རིམ་པ་མཐོ་བའི་སྤྲོ་གསེང་དང་མྱོང་རོལ་ཡུལ་སྐོར་བྱ་ཡུལ་དུ་བསྐྲུན་རྒྱུ་དེ་ཡིན་པ་རེད། ཚའོ་ཅན་ཁུན་གྱིས་ཕྱག་ཕྲེང་གི་ཡུལ་སྐོར་ནི་མི་གཞན་གྱིས་སྙན་བརྗོད་བློ་འགུག་བྱེད་པའི་ཆེད་དུ་མིན་ཞིང་དེ་ནི་ངེས་གཏན་གྱི་ཚོགས་པ་ཞིག་གི་བདེ་སྐྱིད་ཀྱི་གནས་ཡུལ་ཞིག་རེད་ཅེས་བཤད་པ་དང་། དོན་ངོ་མ་ཡང་ཕྱག་ཕྲེང་གི་ཡུལ་སྐོར་གྱི་ཞབས་ཞུ་བྱ་ཡུལ་ནི་བོད་ཁུལ་གྱི་རིག་གནས་ལ་དངོས་གནས་དགའ་ཞེན་ཡོད་པ་དང་རི་ཀླུང་ཞིང་སྡེར་ཡིད་སྨོན་འཆོར་བ། སེམས་བག་ཕེབས་པོའི་སྒོ་ནས་བསྡད་ཐུབ་པའི་ལས་འབྲེལ་ཡོད་པའི་མི་རྣམས་ཡིན་པ་རེད།

    མིག་སྔར་རྫོང་དེའི་ཕྲེང་སྟོད་གྲོང་རྡལ་དུ་སྲོལ་རྒྱུན་དང་དེང་རབས་གཅིག་ཏུ་འདྲེས་པའི་བོད་ཁང་དཀར་པོའི་ཡུལ་མིའི་འགྲུལ་ཁང་ཞིག་བསྐྲུན་ཟིན་ཞིང་ཡུལ་སྐོར་འཕེལ་རྒྱས་ཁྲོད་དུ་བོད་ཁང་དཀར་པོ་སྲུང་སྐྱོང་དང་རྒྱུན་སྐྱོང་བྱས་ཏེ་ཕྱག་ཕྲེང་གི་རིག་གནས་ཀྱི་སྲོག་རྒྱུན་བསྲུང་བར་མིག་དཔེ་ཡག་པོ་ཞིག་བཞག་པ་རེད། དེ་མཚུངས་ཕྱག་ཕྲེང་རྫོང་གིས་ཞིང་སྡེའི་བོད་ཁང་དཀར་པོ་དེ་འཛམ་གླིང་རིག་གནས་ཤུལ་བཞག་གི་གྲལ་དུ་ཨེ་ཚུད་ཀྱི་རེ་ཞུ་བྱེད་བཞིན་ཡོད་ལ་འབྲེལ་ཡོད་ལས་ཀ་ད་ལོའི་ལོ་འགོ་ནས་འགོ་ཚུགས་ཟིན་པ་རེད།

    ཕྱག་ཕྲེང་གི་ཡུལ་སྐོར་ནི་སྲིད་གཞུང་དང་ནོར་སྲིད་ཕྱུག་པོར་བཟོ་ཡས་ཀྱི་ཐོན་ལས་ཞིག་ཡིན་པའི་ངེས་པ་མེད་ཀྱང་། དེ་ནི་མི་དམངས་གཙོ་བོར་བྱས་ཤིང་མང་ཚོགས་ཞུགས་ཚད་ཆེ་བ། མི་ཚང་མས་མཉམ་སྤྱོད་བྱེད་འོས་པའི་ཕྱུག་འགྱུར་གྱི་ཐོན་ལས་ཤིག་ཡིན་ངེས་པ་རེད་ཅེས་ཚའེ་ཅན་ཁུན་གྱི་ཕྱག་ཕྲེང་ཡུལ་སྐོར་གྱི་ཐོག་མའི་དམིགས་སའི་སྐོར་གླེང་བའི་ཚེ་དེ་ལྟར་བཤད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ཕྱག་ཕྲེང་རྫོང་གིས་རྒྱུད་གཅིག་དང་གནས་གསུམ། ལྗོངས་ཁུལ་གསུམ་གྱིས་གཙོ་བོར་བྱས་ཏེ་གྲོང་སྡེའི་ཡུལ་སྐོར་ཐོན་རྫས་དང་དམིགས་བསལ་གྱི་ཡུལ་སྐོར་ལས་གཞི་བསྐྲུན་པའི་དུས་ཡུན་འབྲིང་ཐུང་གི་ཡུལ་སྐོར་འཕེལ་རྒྱས་དམིགས་འབེན་འཆར་འགོད་བྱས་ཟིན་པ་རེད། ངལ་གསོ་གྲོང་རྡལ་ནས་རག་ཝ་ཤང་གི་གཞུང་ལམ་རྒྱུད་ངོགས་སུ་ངལ་གསོ་གྲོང་རྡལ་དང་ཕྲེང་སྟོད་གྲོང་རྡལ། རག་ཝ་ཤང་གཙོས་པའི་དཔལ་གྱིས་ཕྱུག་པའི་ཞིང་སྡེའི་ཡུལ་ལྗོངས་དང་། སྤྲོ་གསེང་ལུས་གསོ། ཡུལ་སྐོར་མྱོང་རོལ་བཅས་འཛོམས་པའི་གྲོང་སྡེའི་ཡུལ་སྐོར་ཐོན་རྫས་བསྐྲུན་རྒྱུ་དང་། ཕྲ་ཕྲེང་ལུང་དང་མཚོ་སྤུན་བདུན། ཉི་སྟེང་གྲོང་རོང་བཅས་ཀྱི་རང་བྱུང་ཐོན་ཁུངས་ཉམས་མེད་གནས་ཡོད་པའི་བཟང་ཆར་བརྟེན་ནས་རི་ཀླུང་ཡུལ་སྐོར་དང་རྐང་ཐང་བགྲོད་པ། གངས་རིར་ཉེན་བགམ། བྱེས་སུ་སྒར་བརྒྱབ་ནས་སྡོད་པ་སོགས་རིམ་པ་མཐོ་འབྲིང་གི་དམིགས་བསལ་ཡུལ་སྐོར་ལས་གཞི་གསར་སྤེལ་བྱ་རྒྱུ། 2020ལོའི་སྔོན་དུ་རྫོང་དེས་ཕྲེང་སྟོད་དང་ཕྲེང་སྨད། རག་ཝ་ཤང་བཅས་བོད་ཀྱི་ཞིང་སྡེའི་ཁྱད་ཆོས་ཀྱིས་ཡོངས་སུ་ཕྱུག་པའི་སྤྲོ་གསེང་ལྗོངས་ཁུལ་དུ་བསྐྲུན་རྒྱུ་རེད།

    གསར་སྤེལ་ལས་སྲུང་སྐྱོང་གལ།

    ཕྱག་ཕྲེང་རྫོང་གིས་གསར་སྤེལ་ལས་སྲུང་སྐྱོང་གལ་ཆེ་བའི་གཞི་རྩའི་རྩ་དོན་རྒྱུན་འཁྱོངས་བྱས་ཤིང་། གདོད་མའི་སྐྱེ་ཁམས་དང་གདོད་མའི་རིག་རྣམ། གདོད་མའི་ཡུལ་མི། གདོད་མའི་ཐོན་ཁུངས་བཅས་ལ་བརྟེན་པ་དང་། ལྗོངས་ཁུལ་ཅན་གྱི་ལས་ལུགས་མེད་པར་བཟོ་བའི་རྩ་བའི་བྱེད་ཐབས་སྤྱད་དེ་ངེས་གཏན་ཅན་དང་ཁྱད་ཆོས་ཅན་གྱི་ཡུལ་སྐོར་ཐོན་རྫས་གསར་སྤེལ་བྱས་ཤིང་རྒྱལ་སྤྱིའི་སྤྲོ་གསེང་ཡུལ་སྐོར་བྱ་ཡུལ་བསྐྲུན་གང་ཐུབ་བྱེད་པ་དང་སྐལ་ལྡན་ལས་འཕྲོ་ཅན་གྱི་མི་རྣམས་ལ་ཤམ་བྷ་ལའི་སྒོ་མོ་ཕྱེ་བ་རེད།

    ཁྱད་འཕགས་ཀྱི་ཐོན་ཁུངས་ཟླ་བསྒྲིལ་བཏང་ནས་འབྱུང་འགྱུར་གྱི་འཕེལ་རྒྱས་ལ་བསམ་བློ་གཏོང་བ་དང་། ཁོར་ཡུག་སྲུང་སྐྱོང་དང་མཛེས་པའི་གྲོང་སྡེ་བསྐྲུན་པ་ཟུང་འབྲེལ་དམ་ཟབ་བྱེད་པའི་ཡུལ་སྐོར་འཕེལ་རྒྱས་ཀྱི་བསམ་ཕྱོགས་དེ་ནི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་སེང་གི་སྙིང་དོན་དང་མཐུན་པའི་ཆ་ཡང་མང་པོ་ཡོད་ཅིང་། དུས་རབས་གསར་པར་ས་ཁོངས་ཡོངས་སུ་ཡུལ་སྐོར་འཕེལ་རྒྱས་གཏོང་བའི་འགྲོ་ལམ་དུ་སྐྱོད་བཞིན་ཡོད་པའི་རང་ཁུལ་ལ་མཚོན་ན་དེ་ནི་དགེ་མཚན་ལྡན་པའི་ཚོད་ལྟ་ཞིག་ལོས་ཡིན།།


  • ལེ་ཚན་སྔོན་མ།:རང་ཁུལ་གྱིས2017ལོའི་ཁུལ་ཡོངས་ཀྱི་དཔལ་འབྱོར་སྒྲིག་སྲོལ་བཅོས་བསྒྱུར་གྱི་ཆེད་དོན་ཚོ་ཆུང་གི་ཚོགས་འདུ་འཚོགས།
  • ལེ་ཚན་རྗེས་མ།:འོས་འགན་གསར་པ་ཕྲག་ཏུ་འཁུར་ནས། འཐབ་ལམ་གསར་པའི་ཕྱོགས་སུ་གོམ་ཁ་སྤོ།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10