བྱམས་སྙིང་རྗེའི་བདག་མོ།

གླིང་བུ་ཚེ་རིང་དོན་འགྲུབ།        2017-10-31

     ཨ་མའི་དུས་ཆེན་ཐོན་ལ་ཉེ་དུས། སྐད་འཕྲིན་གྱི་སྒང་ན་ཨ་མ་ལ་ཕུལ་བའི་སྨོན་ཚིག་གང་མང་མཐོང་རྒྱུ་ཡོད། མི་མང་ཤོས་ཀྱིས་སྨོན་ཚིག་ཅི་རིགས་བྲིས་ནས་རང་གི་ཨ་མའི་བཀའ་དྲིན་རྗེས་སུ་དྲན་པ་དང་། ཡང་རེ་ཤོས་ཀྱིས་ཨ་མའི་བཀའ་དྲིན་ནི་དྲ་རྒྱའི་བར་སྟོང་ནས་སྨོན་ཚིག་འདྲི་བ་ཙམ་མ་ཡིན་པར་དོན་དངོས་དང་ལག་ལེན་གྱི་སྟེང་ནས་ཨ་མའི་དྲིན་ལན་འཇལ་དགོས་ཞེས་སྐུལ་མ་གཏོང་གི་ཡོད།

     མི་སུས་ཀྱང་ཨ་མ་ནི་རླབས་ཆེ་བ་ཞིག་དང་བྱམས་སེམས་ཆེ་བ། བཀའ་དྲིན་ཤིན་ཏུ་ཆེ་བའི་མི་ཞིག་ཡིན་པ་སེམས་ནས་ཤེས་ཡོད། ཡིན་ན་ཡང་རྒྱུན་ལྡན་འཚོ་བའི་ཁྲོད་དུ་ཨ་མའི་དྲིན་ལན་འཇལ་རྒྱུ་ནི་ལས་སླ་བོ་ཞིག་གཏན་ནས་མ་རེད། མི་ནི་མ་གཞི་ནས་སྒེར་སེམས་ཆེ་བ་ཞིག་ཡིན་པས། རྒྱུན་པར་ཕ་མའི་དྲིན་ལན་སེམས་ལ་དྲན་རུང་དུས་ཚོད་མང་ཤོས་ནང་མདང་རྒྱག་ས་དང་སེམས་ཁུར་བྱེད་ས་ནི་རང་ཉིད་ཀྱི་བདེ་སྡུག་དང་བདེ་སྐྱིད་ཀྱི་ཕྱོགས་ཡིན་འདུག

     སྔོན་ཆད་སློབ་འབྲིང་འགྲིམ་པའི་བར་སྐབས་སུ་ངས་ཀྱང་ཨ་མའི་བཀའ་དྲིན་རྗེས་སུ་དྲན་པའི་རྩོམ་ཡིག་རེ་འགའ་བྲིས་མྱོང་། དེ་དུས་ཁོ་མོས་དཀའ་སྡུག་མྱངས་པའི་གོ་རིམ་དེ་དག་ལ་བསྟོད་བསྔགས་འབུལ་བ་ལས་སེམས་ཀྱི་གཏིང་རིམ་ནས་རྒྱུས་ལོན་བྱེད་མེད་ལ། བྱེད་པའི་ཚོད་ལ་ཡང་སླེབས་མེད། ལོ་ཟླའི་གོམ་འགྲོས་མགྱོགས་དྲགས་པའི་དབང་གིས་ཟང་ཟིང་གི་འཚོ་བའི་ཁྲོད་ནས་མི་ལོ་དུ་མ་རིམ་གྱིས་ཕར་འདས་ཤིང་། དུས་ད་ལྟ་རང་ཉིད་ཀྱང་ཨ་ཕ་ཞིག་ཏུ་གྱུར་བའི་སྐབས་བུ་ཕྲུག་ཅིག་གཉོར་ན་ཚེགས་ཤིན་ཏུ་ལྗིད་ཅིང་སེམས་ཤུགས་དང་དངོས་ཤུགས་མི་ཉུང་བ་ཞིག་གཏོང་དགོས་པའི་དཀའ་སྡུག་ཀྱང་རྟོགས་བྱུང་། སྔོན་ཆད་སྤྱི་ཚོགས་རྙིང་པའི་ནང་འཚོ་བའི་ཆ་རྐྱེན་མི་བཟང་བའི་གནས་ཚུལ་འོག་ཨ་མས་ང་དང་མིང་སྲིང་དྲུག་པོ་བསྐྱངས་ནས་འཚར་ལོངས་བྱུང་དུ་བཅུག་ཅིང་། ང་ཚོའི་ཐོག་ལ་དཀའ་སྡུག་ཅི་ཙམ་མྱངས་ཡོད་པ་ནི་ང་ཚོའི་སེམས་ལ་ཤོང་དཀའ་ཞིང་། དེ་ནི་ཨ་མ་དྲིན་མོ་ཆེ་ཁོ་མོ་གཅིག་པུས་མ་གཏོགས་གཞན་སུས་ཀྱང་ཉམས་སུ་མྱོང་མི་ཐུབ།

     གོམ་པ་འཁྱར་འཁྱོར་སྤོས་ནས་སྐད་ཆ་བཤད་ཤེས་མ་ཤེས་ཀྱི་དུས་ལ། ང་ཚོས་ཐོག་དང་པོར་བསླབས་ནས་བཤད་ཤེས་པའི་སྐད་ཆ་ནི་ཨ་མ་ཡིན། ཅི་འདྲའི་གསོན་ཉམས་ལྡན་ཞིང་ཡིད་དུ་འོང་བའི་མིང་ཚིག་ཅིག་རེད་ཨང་། ཨ་མའི་མངལ་ལས་ང་ཚོ་ལ་ཚེ་སྲོག་གི་གཉོམ་ལས་རྒྱས་ཤིང་། ཟླ་དགུ་ཞག་བཅུའི་མངལ་དུ་རུམ་པའི་བར་སྐབས་སུ་ཨ་མས་རང་ཉིད་བློས་བཏང་ནས་ཡོད་ཚད་ཀྱི་ཡོད་ཚད་ཁོག་གི་བྱིས་པ་འདིའི་དོན་དུ་ཕུལ། དཀའ་སྡུག་ཆེ་བའི་ལོ་ཟླའི་ནང་ད་ལྟ་ལྟར་མངལ་སྦྲུམ་ན་ངལ་གསོས་ནས་སོས་དལ་གྱིས་བསྡད་པའི་དུས་ཤིག་ག་ལ་ཡོད། དུས་ལྟར་ཐོན་སྐྱེད་རུ་ཁག་གི་ལས་ཀར་ཞུགས་དགོས་ལ། དགུན་གྱི་གྲང་ངར་དང་ཚ་གདུག་ཇི་ལྟར་ཆེ་ན་ཡང་སྔར་བཞིན་ལས་ཀ་ལས་དགོས། ངའི་དྲན་སྣང་ལ་ཨ་མས་ང་རྒྱབ་ལ་ཁུར་ཞོར་ལག་པ་གཅིག་གིས་ཕུ་བོ་ཁྲིད་ནས་ཞིང་ནང་ལ་ཆུ་གཏོང་བ་དང་། ཡུར་མ་ཡུར་བ། རྗེས་སུ་ཞིང་འབྲེག་པ། ཉིན་མཚན་དུས་མེད་ངང་བུ་དང་བུ་མོ་རྣམས་ལ་ཁ་ལ་ཟ་རྒྱུ་དང་རྒྱབ་ལ་གོན་རྒྱུ་གྲ་སྒྲིག་བྱེད་པ་སོགས་ཁོ་མོའི་ལས་ཀར་ཚར་རྒྱུ་མེད་ལ། ལས་ཀ་ལྗིད་དྲགས་ནས་ཁོ་མོའི་གདོང་ནས་རྔུལ་ཆུ་བཞུར་ཞིང་། ལག་པའི་སོར་མོ་ལ་སེར་ག་གས་ན་ཡང་ཁོ་མོས་བུ་དང་བུ་མོ་རྣམས་ལ་ལྷད་མེད་ཀྱི་འཛུམ་མདངས་སྟོན་ངེས་ཡིན། དེ་དུས་གང་འདོད་འདོད་དུ་ཟ་རྒྱུ་ཞིག་གང་ན་ཡོད། གོ་རེ་སྐམ་པོ་དང་ཞོག་ཁོག་བཙོས་མ་དེ་དག་ནི་ཁོ་མོས་ལྟོ་བ་འགྲང་ནས་ཟ་མི་འདོད་པའི་ཚུལ་བསྟན་ཏེ་ཟོས་ན་རྒྱག་རྒྱུ་མེད་པའི་བུ་ཕྲུག་རྣམས་ལ་སྟེར། ས་གང་དུ་སོང་ན་ཡང་ཨ་མས་ལས་པའི་གོ་རེ་ཟོས་ན་ལྟོགས་སེལ་ཐུབ། ཨ་མས་བསྐོལ་བའི་ཐུག་པའི་བྲོ་བ་མངར་མོ་དེ་ནམ་ཡང་བརྗེད་རྒྱུ་ཞིག་གང་ན་ཡོད། ཨ་མའི་ལུས་སྟེང་ན་རང་བཞིན་གྱིས་གྲུབ་པའི་དྲོད་སྣང་དང་བདེ་སྐྱིད་ཡོད། དཀའ་སྡུག་ཅི་ཙམ་ཆེ་ནའང་ངས་ཨ་མ་ལ་ཕམ་ཁ་དང་སྐྱོ་སྡུག་གི་མིག་ཆུ་བཞུར་བ་ཐེངས་གཅིག་ལ་ཡང་རིག་མ་མྱོང་། དོན་དག་ཆེ་མ་ཆུང་གསུམ་གང་ལ་འཕྲད་ན་ངས་ཨ་མ་ལ་བཤད་ཅིང་། ཨ་མས་ཡོད་ཚད་ཀྱི་ཡོད་ཚད་ཐག་གཅོད་ཐུབ་པས་ཨ་མ་ལ་བཅང་བའི་བརྩེ་སེམས་སྔར་ལས་ཇེ་དྲག་ཏུ་གྱུར།

     བརྩེ་བའི་དྲིན་ཆེན་ཨ་མའི་གམ་ནས་ནར་སོན་པའི་གོ་རིམ་ཁྲོད་ཁོ་མོའི་གཟེངས་སུ་ཐོན་ལ་བྱམས་སྙིང་རྗེ་ལྡན་པའི་རང་གཤིས་དེ་དག་ཤེས་མེད་ཚོར་མེད་ཀྱི་ངང་ནས་ང་ཚོ་ལུས་ལ་ཡང་རིམ་གྱིས་གྲུབ་ཅིང་། ཨ་མ་ནི་ནམ་ཡང་ང་ཚོའི་སེམས་ཀྱི་མིག་དཔེ་ལྟ་ས་དེ་ཁོ་ན་ཡིན། ཨ་མའི་ལུས་ན་སྐྱོན་ཆ་ཞིག་གཏན་ནས་མེད། མཚམས་ལ་ལར་ང་ཚོས་དོན་དག་མི་ལེགས་པ་ལས་དུས་ཨ་མ་ཐབས་ཟད་ཅིང་ཨུ་ཐུག་ནས་ང་ཚོ་ལ་གཅར་རྡུང་བྱེད་དུས་ངུ་ནས་མིག་ཆུ་བཞུར་ན་ཡང་སྔར་བཞིན་ང་ཚོ་ལ་ཨ་མ་མཁོ་ཞིང་ཅིས་ཀྱང་ཨ་མའི་གམ་དུ་བཅར་དགོས། ཨ་མ་ནི་འདི་ལྟར་བྱམས་སེམས་ཆེ་བ་ཞིག་ཡིན་ལ། རིམ་བཞིན་ཁོ་མོའི་ཁྲ་ཆུང་མིག་ནང་ལ་ཡང་མཆི་མའི་རྡོག་པ་འཁྱིལ་བཞིན་ང་ཚོའི་མགོ་ལ་བྱིལ་བྱིལ་བྱེད་ལ། རྗེས་སོར་དོན་དག་མི་ལེགས་པ་སྒྲུབ་མི་རུང་བའི་ཁ་ཏ་སློབ་གསོ་གནང་བ་རེད།

     སློབ་ཆུང་གི་སྐབས་སུ་སློབ་གྲྭ་གྲོལ་ནས་ཁྱིམ་དུ་ཐོན་མ་ཐག་དཔེ་ཁུག་གདེང་ལ་བཀལ་རྗེས་ངེས་པར་དུ་ཨ་མ་ཞེས་འབོད་དགོས་ཤིང་། ཨ་མ་ཁྱིམ་དུ་ཡོད་ན་ཨ་མས་ངའི་བུ་ལྟོགས་ཨེ་འདུག་ཅེས་འདྲི་ཞོར་བྲོ་བ་ཞིམ་པའི་གོ་རེ་གཡུས་བླུག་མ་དེ་བུ་ལ་བྱིན་ནས་ཟ་རུ་འཇུག་ངེས་ཡིན། གལ་ཏེ་ཨ་མ་ཡུལ་ན་མེད་པར་ཞིང་ཁར་སོང་བ་ཡིན་ན་སེམས་པ་འདི་སྟོང་སྣང་ཞིག་གིས་ཁེངས་ནས་ཨ་མ་ཡུལ་ལ་ཐོན་པའི་བར་དུ་སྒུག་ངེས་ཡིན། ལོ་བཅུ་གཉིས་ཐོག་ངས་རེབ་གོང་མི་རིགས་སློབ་འབྲིང་དུ་རྒྱུགས་འཕྲོད་ཅིང་སློབ་གྲྭར་སོང་ནས་གཟའ་འཁོར་གཅིག་འགོར་རྗེས་ཨ་མ་དྲན་དྲགས་པས་ངུ་ཁ་ཤོར་ཞིང་། དེ་དུས་ངའི་སེམས་ལ་ཨ་མ་ནི་འཇིག་རྟེན་འདིར་ཆེས་མེད་དུ་མི་རུང་བའི་མི་དེ་ཡིན་པ་ཚོར་བྱུང་།

     ཨ་མའི་ནུ་ཞོ་དང་རང་ཉིད་བློས་བཏང་བའི་བྱམས་སེམས་དེ་མེད་ན་ང་ཚོ་ལ་གཉོམ་ལག་རྒྱས་མི་སྲིད་ལ། ད་ལྟའི་བདེ་སྐྱིད་འདི་ཡང་ཅིས་ཀྱང་ཡོད་མི་སྲིད། དེ་བས་ང་ཚོས་ཕ་མའི་དྲིན་ལན་འཇལ་རྒྱུ་འདི་སེམས་ལ་དྲན་པ་ནས་ངེས་པར་དུ་ལག་ལེན་དུ་བསྟར་དགོས། ང་ཚོའི་ཁ་དཔེར་ལ་མྱི་དགའ་སྤྱད་སྒོག་ལོག་ཅེས་པ་ལྟར། མི་ཞིག་དགའ་དགོས་ན་དོན་དག་ཆུང་ཆུང་ཞིག་སྒྲུབ་པས་ཀྱང་ཆོག་འདུག རྒྱུན་དུ་ཕ་མ་ལ་སེམས་གསོ་དང་སེམས་གཏམ་བཤད་པ། ཐེངས་མ་གཅིག་ཙམ་ལ་དགོད་ཁ་སློང་བ་སོགས་ཀྱིས་ཀྱང་དྲིན་ལན་འཇལ་བ་ཡིན་ལ། ངས་བསམ་ན་རང་ལ་ཆེས་དྲིན་ཆེ་བ་ནི་རང་གི་ཕ་མ་གཉིས་ཡིན་འདུག

     ཨ་མས་བཤད་པའི་ཚིག་གཅིག་གིས་ཀྱང་མི་ཚེའི་གོ་རིམ་ནང་ཡོངས་སུ་ཕན་ཐོགས་ཐུབ་ཀྱི་འདུག ཆུང་དུས་ཨ་མས་བཤད་པའི་སྐད་ཆ་དེ་དག་གིས་རིམ་བཞིན་མི་ཚེའི་གོ་རིམ་ཁྲོད་ཁྲིད་སྟོན་གྱི་ནུས་པ་ཐོན་དང་ཐོན་བཞིན་ཡོད་ཅིང་། ཨ་མས་རྒྱུན་དུ་བུ་ཞིག་ཡིན་ན་ཁོག་རྒྱ་ཆེ་དགོས་པ་དང་། རྐུ་བྱེད་མི་རུང་བ། ཆང་འཐུང་མི་རུང་བ། དུས་ནམ་ཡང་གནད་འགག་གི་དུས་སུ་རང་ཉིད་ལ་བརྟེན་དགོས་པ། ཡོན་ཏན་ལས་ལྷག་པ་ཞིག་མེད་པས་ཤེས་བྱ་ཡོན་ཏན་སྦྱང་དགོས་ཚུལ་སོགས་བཤད་པས་གསེར་སྲང་སྟོང་ལས་ལྷག་པའི་སྐད་ཆ་འདི་དག་ནི་དངོས་གནས་རིན་ཐང་བྲལ་བ་ཞིག་མ་ཡིན་ནམ། བསམ་མ་ཤེས་པའི་དུས་ལ་ཕ་མ་དང་མཉམ་དུ་འདུག་པའི་གོ་སྐབས་ཡོད་ནའང་ཕ་མའི་བཀའ་དྲིན་མ་ཚོར་བ་དང་། དུས་ཚོད་མང་པོ་ཞིག་འགོར་འགྱངས་སུ་བཏང་བ་ནི་བློ་ཕམ་པའི་གནས་རེད། ཕ་མའི་བཀའ་དྲིན་ཚོར་དུས་དུས་ཚོད་ཀྱི་བཀོད་སྒྲིག་གི་དབང་གིས་རང་ཉིད་ནི་ཕ་ཡུལ་གྱི་རི་ཆུ་ནགས་གསུམ་དང་ལེ་དབར་སྟོང་ཕྲག་གིས་ཆོད་པའི་རྒྱང་རིང་གི་ཡུལ་དུ་འདུག་དགོས་པ་བྱུང་ཞིང་། ཉིན་མ་རེ་རེར་ཁ་པར་བཏང་ནས་ཁོ་ཚོའི་འཚོ་བའི་གནས་ཚུལ་འདྲི་བ་དང་ང་རང་གི་ཉིན་གཅིག་གི་བྱ་བའི་མགོ་འཇུག་ཕ་མ་གཉིས་ལ་བཤད་པ། དེ་ནས་ཟླ་ཕོགས་སྟེར་དུས་ཁོ་གཉིས་ལ་འཚོ་བའི་ཁ་སྣོན་རེ་བསྐུར་བ། དགུན་ཁ་ཐོན་དུས་ལྭ་བ་མཐུག་པོ་རེ་ཉོས་ནས་ཡུལ་ལ་བསྐུར་བ་དང་དབྱར་གྱི་དུས་སུ་ཁོ་གཉིས་ལ་ལྷམ་སིལ་མོ་རེ་ཉོ་བ། ལོ་གསར་གྱི་གནང་བའི་སྐབས་སུ་ཡུལ་དུ་ལོག་དུས་ཁོ་གཉིས་ལ་ཁ་བརྡ་སྣ་ཚོགས་བྱེད་པ་དང་། མཚམས་རེར་ཨ་མའི་མགོ་དང་རྒྱབ་སོགས་འཕུར་མཉེད་བྱེད་པ་སོགས་ནི་ངའི་སེམས་ནང་གི་དྲིན་ལན་འཇལ་སྟངས་ཤིག་ལ་གྱུར་ཡོད། ཕ་མའི་ཁ་ལེན་ཚིག་བརྩི་བྱས་ན་བུ་ཕྲུག་གི་དོན་འགྲུབ་ཅེས་པ་ལྟར། བདག་གིས་ཀྱང་ནུས་ཚོད་ཀྱིས་ཕ་མའི་ཁ་ལ་ཉན་ནས་མི་བཟང་པོ་ཞིག་དང་ཡ་རབས་ཤིག་བྱེད་པའི་ཕྱོགས་ལ་འབད་བརྩོན་བྱེད་ཀྱི་ཡོད།

     ཨ་མའི་ནུ་ཞོ་དང་བྱམས་སེམས་ཀྱིས་ང་ཚོའི་འཇིག་རྟེན་ལ་དྲོད་སྣང་དང་བདེ་སྐྱིད་བསྩལ། ཨ་མའི་སྙན་འཇེབས་ལྡན་པའི་སྐད་ཆ་དང་ཞུམ་པ་མེད་པའི་སྙིང་སྟོབས་ཀྱིས་ང་ཚོ་ལ་ཚེ་གཅིག་གི་རིན་ཐང་བྲལ་བའི་གནས་ལུགས་རེ་རེ་གནང་ཡོད། ཨ་མའི་དྲིན་ལན་ནི་ཨ་མའི་དུས་ཆེན་སླེབས་དུས་དྲན་རྒྱུ་ཞིག་ཅིས་ཀྱང་མ་ཡིན་ལ། ཨ་མས་ང་ཚོའི་དོན་དུ་རང་ཉིད་བློས་གཏོང་རྒྱུ་མང་དྲགས་པའི་དབང་གིས་ཁོ་མོའི་འཇམ་ཞིང་མཉེན་པའི་ལུས་པོ་དེ་ཡང་ད་ལྟ་གཞུ་ལྟར་མར་སྒུར་ཡོད་ལ། གནམ་སྣུམ་གྱི་སྐྲ་ལོའི་ཉག་མ་རེ་རེ་ཡང་མི་འདོད་ལོ་ཡིས་ཟིན་ནས་དཀར་པོར་གྱུར་ཡོད། གྲལ་འགྲིག་ལ་དཀར་ལམ་མེར་སྣང་བའི་དུང་སོ་སུམ་ཅུ་དེ་ཡང་རིམ་བཞིན་འཐོར་ནས་ཟས་གཙང་མ་ཞིག་ཀྱང་ཟ་དཀའ་བའི་ཚུལ་དུ་མཐོང་ན་རང་གི་སེམས་ལ་སྐྱོ་སྣང་ཞིག་རང་བཞིན་གྱིས་སྐྱེས་ཡོང་། འགྱུར་ལྡོག་དང་ཟང་ཟིང་ཆེ་བའི་འཚོ་བའི་ཁྲོད་དུ་ང་ཚོའི་སེམས་ན་བྱམས་དང་སྙིང་རྗེ་ཟེར་བ་ཞིག་ཡོད་དམ། ང་རང་ཚོ་ནར་སོན་ནས་འདབ་ལག་རྒྱས་དུས་རང་གི་དྲིན་ཆེན་ཕ་མ་སྒོར་འདེད་པ་དང་། ཕ་མའི་བདེ་སྡུག་ལ་སེམས་ཁུར་མི་བྱེད་པའི་བུ་ཕྲུག་ཀྱང་གང་མང་མང་ཞིག་མཐོང་རྒྱུ་མེད་པ་ག་ལ་ཡིན། ལོ་ན་རྒས་དུས་ཨ་མའི་སྔོན་ཆད་ཀྱི་ནམ་མཁའ་ལྟར་དཀྱེལ་ཡངས་པའི་སེམས་རྒྱ་དེ་ཡང་གུ་ཇེ་དོག་ཏུ་གྱུར་ནས་མིག་ཆུ་འཁོར་སླ་ཞིང་། ཡིན་ན་ཡང་ཁོ་མོའི་ཐོག་མཐའ་བར་གསུམ་དུ་སེམས་ཁུར་བྱེད་ས་ནི་ནམ་ཡང་བུ་དང་བུ་མོ་ཚོའི་ཆེད་ཁོ་ན་ཡིན། ཨ་མ་ནི་འདི་ལྟར་རླབས་ཆེ་བ་ཞིག་ཡིན། ཨ་མ་ནི་འདི་ལྟར་གཟི་བརྗིད་ལྡན་པ་ཞིག་ཡིན། ནོངས་འགྱོད་མེད་པའི་ཕྱིར་དུ་ང་ཚོས་སྔ་ས་ནས་ཨ་མའི་དྲིན་ལན་འཇལ་དགོས། ཨ་མའི་དྲིན་ལན་འཇལ་རྒྱུ་ནི་ང་ཚོའི་འཚོ་བའི་ཁྲོད་ཀྱི་དོན་དག་གལ་ཆེ་བ་ཞིག་ཡིན་ལ། ཆེས་དྲོད་ཁོལ་དང་དོན་སྙིང་ལྡན་པའི་བྱ་བ་རླབས་ཆེན་ཞིག་ཀྱང་ཡིན་ནོ།།


  • ལེ་ཚན་སྔོན་མ།:ས་སྒང་རིལ་མོར་དུངས་ཞེན་མཛོད།
  • ལེ་ཚན་རྗེས་མ།:དུས་ཚོད་དང་མནོ་བསམ།
  • རྩོམ་གསར། 10